རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-22   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
(2025ལོའི་ཟླ་8ཚེས་21ཉིན) ཝང་ཧུའུ་ཉིང་།
བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།
ཁ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་མཛེས་པའི་གནས་མཆོག་ལྷ་སར་འབྱོར་ཞིང་། དེ་རིང་ཁོང་རྣམ་པ་རྟེན་འབྲེལ་ཚོགས་ཆེན་ལ་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་མ་ཟད། དུས་ཡུན་རིང་པོའི་ནང་བོད་འཕེལ་རྒྱས་དང་ཡར་རྒྱས་ཡོང་བར་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིཌ་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
1965ལོའི་ཟླ་9པར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་རབ་ཏུ་འཕྲོ་བའི་འོག བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་ཡོད། དེ་ནི་བོད་ལྗོངས་འཕེལ་རྒྱས་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་སྲ་བརྟན་དུ་བཏང་བ་ཞིག་དང་། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་ཞིག་ཡིན།
ལོ་ངོ་60ཡི་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1965ལོའི་སྒོར་དུང་ཕྱུར་3.27ཡིན་པ་ནས་2024ལོའི་སྒོར་དུང་ཕྱུར་2765བར་མང་དུ་ཕྱིན་པ་དེ་ལྡབ་154འཕར་བ་དང་། ལོ་རེར་ཆ་སྙོམས་8.9%འཕར་ཡོད། གཞུང་ལམ་ཐོག་འཁོར་རིགས་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12ལས་བརྒལ་བ་དང་། “བསྐྱར་དར་རྟགས་ཅན”གྱི་མེ་འཁོར་འདི་གཡུ་འབྲུག་སྔོན་མོ་ཇི་བཞིན་མཐོ་སྒང་གི་རི་ཀླུང་ཁྲོད་འཁོར་བསྐྱོད་བྱུང་བ། མཁའ་འགྲུལ་ལམ་ཐིག་183མཛམ་གླིང་ས་ཕྱོགས་ཀུན་དང་མྱུར་བར་སྦྲེལ་བ། “གློག་ཤུགས་མཁའ་ལམ”གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་གི་འོད་སྣང་སྦྱིན་པ། 5Gཡི་བརྡ་རྟགས་ཇོ་རིའི་རྩེ་མོར་ཁྱབ་པ་བཅས་བྱུང་ཡོད། མི་རིགས་ཁག་གི་མི་དམངས་རྣམས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ཡག་ཏུ་སོང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1965ལོའི་སྒོར་456དང་སྒོར་108ཡིན་པ་ནས་2024ལོའི་སྒོར་55444དང་སྒོར་21578བར་སོ་སོར་མང་དུ་སོང་ནས། ལོ་རེར་ཆ་སྙོམས་8.5%དང་9.4%སོ་སོར་འཕར་ཡོད། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་མ་ལག་བཅས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ཞིང་། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་སྔོན་ལ་ལག་ལེན་བསྟར་ཁར། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་བསྡོམས་3618ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བསྡོམས་ཁྲི་97ཟིན་ཡོད། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་1965ལོའི་193ནས་2024ལོའི་7231བར་མང་དུ་སོང་ཞིང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་སྐབས་ལས་ལྡབ་1ལྷག་ཙམ་རིང་དུ་སོང་ཡོད། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ནགས་ཚལ་ཁེབས་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་རྩི་ཤིང་ཁེབས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་བཟང་འཁྱོངས་ཐུབ་ཡོད་པ། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་ཡོད། བོད་ཀྱི་མི་རིགས་མཐུན་སྒྲིལ་ཉིན་རེ་ལས་མ་འདས་པར་ཇེ་ཟབ་ཏུ་འགྲོ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་བྱུང་བ། རིག་གནས་བྱ་གཞག་ཁག་དར་རྒྱས་གོང་འཕེལ་བྱུང་བ། གླིང་སྒྲུང་དང་། ལྷ་མོའི་འཁྲབ་གཞུང་། བོད་ལུགས་གསོ་རིག་དང་སྨན་རྫས། ཐང་གའི་སྒྱུ་རྩལ་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཀྱི་ངོས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་སྐུལ་འདེད་བཏང་བས། བོད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ཏུ་སླེབས་ཡོད། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་མང་དག་ཅིག་བོད་དུ་ལག་བསྟར་གནད་སྨིན་བྱས་པ། སྲིད་ཇུས་དང་བྱ་ཐབས་གལ་ཆེན་རབ་དང་རིམ་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་བསྐྲུན་པར་བརྟེན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་འཕར་ཤུགས་ཆེ་བ་བཅས་བྱུང་བ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཡོད།
ལོ་ངོ་60ཡི་རིང་། ཀྲུང་དབྱང་དང་ས་གནས་ཁག་གིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་ཡོད། 1965ལོ་ནས་2024ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལ་རིམ་རྩིས་བརྒྱབ་ན་བསྡོམས་མ་དངུལ་སྒོར་དུང་ཕྱུར་ཁྲི་2.6བཏང་བ་དང་། ཁ་གཏད་བོད་སྐྱོར་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་བོད་སྐྱོར་མ་དངུལ་རིམ་རྩིས་བརྒྱབ་ན་བསྡོམས་སྒོར་དུང་ཕྱུར་643བཏང་བ། ཁག་ཐེངས་11གི་ལས་བྱེད་ཤེས་ལྡན་པ་ཁྲི་1.4ལྷག་ཙམ་བོད་དུ་འདེམས་གཏོང་བྱས་པ་མ་ཟད། ཞིང་ཆེན་དང་གྲོང་ཁྱེར་ཁག་17དང་། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་དངུལ་རྩའི་སྒྲིག་གཞིས་བོད་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས་74ལ་ཁྱབ་པའི་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་ཞིག་ཆགས་ཡོད། དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་པ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད།
ལོ་ངོ་60ཡི་རིང་གི་བོད་རང་སྐྱོང་ལྗོངས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ན། གཞི་ནས་བོད་དར་རྒྱས་གོང་འཕེལ་དང་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན་ལ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་གསར་པ་ཞིག་སྐྱེལ་ཐུབ་ངེས་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་གྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་ཧུར་ཐག་བྱེད་དགོས།
དང་པོ། བློ་བརྟན་འགྱུར་མེད་ངང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་དང་མི་རིགས་ཁག་གི་མི་དམངས་ཀྱི་བློས་འགེལ་ཆོག་པའི་རྟེན་ས་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་འདུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། ཏང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་བོད་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་དགོས།
གཉིས་པ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས། བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་སྲ་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཟངས་རྒྱང་ལྕགས་རྩིག་ཆགས་པར་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་རོལ་གྱི་ཕྱོགས་གཏོགས་གང་རུང་ཞིག་གིས་ཐེ་ཇུས་གཏན་ནས་བྱེད་མི་རུང་ལ། མེས་རྒྱལ་ཁ་ཕྲལ་དང་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ལྐོག་ཇུས་མཐའ་དག་ཕམ་ཉེས་སུ་འགྲོ་ངེས་རེད།
གསུམ་པ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ཞི་དུལ་ཡོང་བར་སྐུལ་སྤེལ་ཧུར་ཐག་གཏོང་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་ཐུན་མོང་ཐོག་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པར་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས།
བཞི་པ། བློ་བརྟན་འགྱུར་མེད་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པར་བྱས་ཏེ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། གངས་ལྗོངས་ས་མཐོའི་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་རྡུལ་དག་པ། ཆུ་མོ་དེ་བས་དྭངས་ཤིང་གཙང་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱེད་དགོས།
ལྔ་པ། བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་འཕེལ་རྒྱས་ལ་མ་དངུལ་གཏོང་ཤུགས་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མི་དམངས་ལ་དེ་བས་དྲང་གཞག་དང་དེ་བས་མང་བའི་ཕན་པ་ཐོབ་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་དཀའ་སྤྱད་འབད་བརྩོན་ཟུང་འབྲེལ་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་རྒྱུས་ཀྱིས་མ་འོངས་པར་བློ་སྒོ་འབྱེད། འབད་འཐབ་ཀྱིས་འོད་སྟོང་འབར་བའི་གྲུབ་འབྲས་གཏོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཕྱར་བ་གྲུ་འདེགས་དང་གསར་འབྱེད་ཡར་བརྩོན་གྱིས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མུ་མཐུད་མདུན་སྐྱོད་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ།
བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།
བཀྲ་ཤིས་བདེ་ལེགས།