རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་དུ། ལོ་རབས་དགུ་བཅུ་པར་སྐྱེས་པའི་ཕོ་གཞོན་བློ་བཟང་བྱམས་པས་ཉི་ཤར་རྫ་ནག་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་བཏང་ཞིང་། མེས་པོའི་ལག་རྩལ་མཐའ་འཁྱོངས་བྱས་པ་དང་དེང་རབས་ཀྱི་བྲིན་ཚོང་བྱེད་ཐབས་སྤྱད་པར་བརྟེན་གནའ་བོའི་ལག་རྩལ་དེར་གསོན་ཤུགས་རྒྱས་པ་མ་ཟད། ཉེ་འཁོར་གྱི་གྲོང་མི་ཚོའི་འབབ་འཕར་ལ་སྐུལ་ཁྲིད་ཀྱང་བྱས་ཡོད།
བློ་བཟང་བྱམས་པས་གསར་འགོད་པར་ཁོང་དང་རྫ་ནག་གི་ལས་འབྲེལ་དེ་བྱིས་དུས་ནས་ཆགས་ཡོད། སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་ཁོང་གྲོང་ཁྱེར་གྱི་འདུ་འཛིར་སེམས་མ་ཆགས་པར་བློ་ཐག་རྦད་ཆོད་ཀྱིས་ཕ་ཡུལ་དུ་ལོག་ནས་སྤོ་བོ་ལགས་ཀྱི་མདུན་དུ་རྫ་བཟོ་སློབ་སྦྱོང་བྱས་པ་དང་འདམ་དང་མེའི་ཁྲོད་དུ་ཡུན་རིང་སྦྱོང་བརྡར་བྱས། དེ་ལྟར་ལོ་བདུན་འགོར་སོང་ཞེས་བཤད་བྱུང་།
2022ལོར་བློ་བཟང་བྱམས་པས་པར་ཆས་ལ་བརྟེན་ནས་རང་ཉིད་ཀྱིས་རྫ་ནག་བཟོ་བའི་རྒྱུན་ལྡན་གྱི་ལས་ཀ་སྟེ་འདམ་བག་བརྫི་པ་དང་།རྣམ་པ་གཏོད་པ།བསྲེགས་པ་བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་བརྙན་ལམ་དུ་བཏོན་ནས་གངས་ལྗོངས་ས་མཐོའི་བཟོ་རྩལ་དེ་འཁྱུག་དབྱིངས་སོགས་བརྒྱུད་རྒྱང་རིང་ལ་བསྒྲགས།གནའ་བོའི་ལག་རྩལ་དེ་མ་ཐག་ཏུ་དྲ་ཐོག་ཏུ་ཁྱབ་པ་དང་།དོ་ཁུར་བྱེད་མཁན་མང་པོ་ཞིག་གི་ཡིད་དབང་བཀུག་པ་མ་ཟད།བློ་ཡུལ་ལས་འདས་པའི་གོ་སྐབས་ཤིག་ཀྱང་ཐོབ་ཡོད།ས་ཆ་གཞན་གྱི་ཇུས་འགོད་པས་དྲ་ཐོག་ནས་ཁོང་དང་མཉམ་དུ་སྲོལ་རྒྱུན་གྱི་གཞི་རྒྱུ་དང་དེང་རབས་ཀྱི་མཛེས་དཔྱོད་མཉམ་འདྲེས་བྱས་པའི་རྫ་ནག་ཐོན་རྫས་གསར་པ་ཇུས་འགོད་བྱས་པར་བརྟེན་མཉམ་ལས་དེ་ལས་ཁྲོམ་ར་གསར་པ་ཞིག་བཏོད་དེ་མངགས་ཐོའི་ཚད་བརྟན་པོའི་ངང་འཕར་འགོ་ཚུགས་ཡོད།
མངགས་ཐོ་མངོན་གསལ་དོད་པོས་མང་དུ་སོང་བའི་གནས་ཚུལ་འོག་བློ་བཟང་བྱམས་པས་རང་ཉིད་གཅིག་པུས་ཐེག་མི་ཐུབ་པ་ཤེས་ཏེ།“མི་གཞན་དང་མཉམ་དུ་ཡོང་འབབ་གསོག་ཏུ་འཇུག་དགོས”སྙམ་ནས་ཁོང་གིས་མངགས་ཐོ་ཁག་གཅིག་གྲོང་ཚོའི་ལག་ཤེས་བཟོ་རྩལ་པ་ཕུལ་བྱུང་ཅན་དུད་ཚང་8ལ་བགོས་པ་རེད།ཐོན་རྫས་ཀྱི་སྤུས་ཚད་དང་བཟོ་རྩལ་རྒྱུན་འཛིན་ལ་འགན་ལེན་ཐུབ་པ་མ་ཟད།ད་དུང་མཉམ་ལས་ནང་ཞུགས་མཁན་གྲོང་མིར་ཞིང་དལ་སྐབས་སུ་རྫ་ནག་བཟོས་ནས་དཔལ་འབྱོར་གྱི་ཁེ་ཕན་མི་དམན་པ་ཞིག་ཐོབ་ཡོད།
བློ་བཟང་བྱམས་པས་རང་ཉིད་ཀྱི་ལས་དོན་ལ་འབད་བརྩོན་བྱས་པ་མ་ཟད།ཉེ་འཁོར་གྱི་གྲོང་མིར་སྣེ་ཁྲིད་བྱས་ཏེ་ཁྱིམ་གྱི་སྒོ་རྩ་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཤིང་།མི་གཅིག་གིས་རང་ཁྱིམ་གྱི་ས་དོང་སྲུང་སྐྱོང་བྱེད་པ་ནས་མཐའ་འཁོར་གྱི་མང་ཚོགས་ལ་ཐོན་ལས་སྦྲེལ་ཐག་གི་རིན་ཐང་མཉམ་སྤྱོད་བྱེད་པ།བློ་བཟང་བྱམས་པས་མཚོན་པའི“ཞིང་པ་གསར་པ”ཚོས་དེང་རབས་ཀྱི་བརྒྱུད་བསྒྲགས་བྱ་ཐབས་དང་འཆར་འགོད་གསར་པར་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ལག་ལེན་བསྟར་འཐུས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཡོད། (པདྨ་མཚོས་བསྒྱུར།)