རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན་གྱི་དགོང་མོར། 2025ལོའི་སྐབས་གསུམ་པའི་ཧྲན་ཞི་གྲོང་ཚོའི་ལན་ཆིའུ་སྤོ་ལོའི་རིག་གནས་ཡུལ་སྐོར་འགྲན་བསྡུར་དེ་ཨན་ཁང་གྲོང་ཁྱེར་ལན་ཀའོ་རྫོང་དུ་མཇུག་འགྲིལ་བ། ཉིན་9ཡི་ཛ་དྲག་གི་འགྲན་བསྡུར་བརྒྱུད་སེམས་ཀྱི་ཉི་ཟླ་རུ་ཁག་དང་པ་ཧྲན་ཏ་ཚའོ་ཡོན་རུ་ཁག་དབར་ཨང་དང་པོ་དང་གཉིས་པ་ལ་བརྩོན་ལེན་བྱས་པ་དང་།ཕྱོགས་གཉིས་ཀའི་རུ་མིས་ཞུམ་པ་མེད་པའི་བློ་སྟོབས་དང་སྤོ་ལོ་རྒྱག་རྩལ་ལ་བརྟེན་ནས་རྒྱ་ཆེའི་སྤོ་ལོར་དབྱིངས་ཞུགས་མཁན་ཚོར་ངོ་མཚར་ཆེ་བའི་འགྲན་བསྡུར་ཞིག་བསྟན་པ། མཐར་སེམས་ཀྱི་ཉི་ཟླ་རུ་ཁག་གིས་ཨང་གཉིས་པ་བླངས་པ་རེད།
ཐེངས་འདིའི་“ཧྲན་ཞི་གྲོང་ཚོའི་ལན་ཆིའུ་སྤོ་ལོའི”རིག་གནས་ཡུལ་སྐོར་འགྲན་སློང་འགྲན་བསྡུར་གྱིས་རྒྱལ་ཡོངས་ས་གནས་ཁག་གི་སྟོབས་ཤུགས་ཆེ་བའི་དཔུང་ཁག་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ཚོགས་ཆུང་གི་འགྲན་བསྡུར་ནས་བཟུང་སེམས་ཀྱི་ཉི་ཟླ་རུ་ཁག་གིས་སྟོབས་ཤུགས་ཁྱད་པར་ཅན་མངོན་ཡོད།ཚོགས་ཆུང་འགྲན་བསྡུར་ནང་ཁོང་ཚོས་སྔ་རྗེས་སུ་སྟོབས་ཤུགས་ཆེ་བའི་རུ་ཁག་མང་པོ་ཞིག་ལས་རྣམ་པར་རྒྱལ་བ་དང་སྟོབས་ཤུགས་ཆེ་བའི་དབན་ཀྲོའུ་རུ་ཁག་དང་འགྲན་བསྡུར་བྱེད་སྐབས་འགྲན་བསྡུར་སྐབས་ཤིག་རིང་ཚ་ཚ་འུར་འུར་གྱི་དུས་མཚམས་སུ་སླེབས་ནས་ཕྱོགས་གཉིས་ཀྱི་བསྡུར་གྲངས་རེས་མོས་ངང་སྔོན་ལ་སླེབས་ཀྱི་ཡོད།མཐར་སེམས་ཀྱི་ཉི་ཟླ་རུ་ཁག་གིས་འཐབ་རྩལ་གཞོགས་འདེགས་དང་རུ་མིའི་སྤོབས་པ་ལ་བརྟེན་ནས་སྐར་མ་5ཡི་ཁྱད་ཡོད་པའི་ཐོག་ནས་རྒྱལ་ཁ་བླངས་ཏེ་འགྲན་རིམ་རྗེས་མར་ཞུགས་ཐུབ་པ་བྱུང་བ་དང་འབྲེལ་རྒྱལ་ཁ་ཐོབ་པ་དེས་ཁོང་ཚོའི་ངར་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།
བརྒྱད་འགྲན་བཞི་ཡི་འགྲན་བསྡུར་ནང་ཁོང་ཚོས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཝུའུ་ཤིས་ཉ་བསྲེགས་རུ་ཁག་དང་འཕྲད་པ་དང་འགྲན་བསྡུར་ཧྲིལ་པོར་ཛ་དྲག་ཆེ་བའི་ཁོར་ཡུག་ཅིག་འཕྲད་པ་དང་སེམས་ཀྱི་ཉི་ཟླ་རུ་ཁག་གི་རྒྱབ་སྲུང་པས་ཕར་རྒོལ་མགྱོགས་སུ་བཏང་བས་ཕ་རོལ་པོའི་འགོག་སྲུང་སྒྲིག་གཞི་རྒྱུན་ཆད་མེད་པར་གཏོར་ནས་མཐར་སྐར་མ་103དང་70ཡི་བསྡུར་གྲངས་ཐོག་ནས་རྒྱལ་ཁ་ཐོབ་སྟེ་ཐོག་མའི་ཨང་བཞི་བའི་ནང་ཚུད་པ་རེད།
རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་གྱི་འགྲན་ཞུགས་ཕྱེད་ཀའི་ནང་སྟོབས་ཤུགས་ཆེན་པོ་ལྡན་པའི་ལན་ཧོ་ཡེ་ཧྭ་རུ་ཁག་ལ་ཁ་གཏད་འཇལ་སྐབས་སེམས་ནུས་ཆེན་པོ་དང་སྙིང་རུས་ཆེན་པོས་སེམས་ཤུགས་ཡོད་རྒུ་བཏོན་ཡོད།འགྲན་བསྡུར་འགོ་ཚུགས་མ་ཐག་སེམས་ཀྱི་ཉི་ཟླ་རུ་ཁག་གི་རྣམ་པ་ལེགས་པོ་མེད་ཀྱང་རྗེས་མཐུད་འགྲན་བསྡུར་ནང་ངོ་མཚར་ཆེ་བའི་ཕར་རྒོལ་གྱི་མཐོ་རླབས་ཤིག་བསླངས་ནས་མཐར་འགྲན་བསྡུར་ལེགས་གྲུབ་ལྡོག་འཕྲོའི་ངང་རྒྱལ་ཁ་ཐོབ་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་པ་རེད།
མཐའ་མའི་འགྲན་བསྡུར་ནི་དེ་བས་ཛ་དྲག་ཆེ།འགྲན་བསྡུར་འགོ་ཚུགས་མ་ཐག་ཕྱོགས་གཉིས་པོའི་རུ་མི་རྣམས་མྱུར་དུ་རྣམ་པར་ཞུགས་ཏེ་རྒོལ་འགོག་གི་གོམ་སྟབས་མགྱོགས་པོ་ཡོད་པ་རེད། སེམས་ཀྱི་ཉི་ཟླ་རུ་ཁག་གི་རུ་མིས་གཞོགས་འདེགས་ཧ་ཅང་ཡག་པོ་བྱས་ནས་ལན་ཆིའུ་སྤོ་ལོ་ཡང་དག་པ་འཕེན་པ་དང་འགོག་སྲུང་བརྟན་པོ་བྱས་ཏེ་སྐར་མ་བརྩོན་ལེན་བྱས་པ་དང་། པ་ཧྲན་ཏ་ཚའོ་ཡོན་རུ་ཁག་གིས་ཀྱང་འགོག་སྲུང་བརྟན་པོ་བྱས་ཏེ་སྐར་མ་བརྩོན་ལེན་བྱས་པས་རེ་ཞིག་སྐར་མའི་བར་ཐག་བཏོད་ཡོད།མཇུག་མཐར་སེམས་ཀྱི་ཉི་ཟླ་རུ་ཁག་གིས་ཨང་གཉིས་པ་ཐོབ་པ་རེད།
དོ་སྣང་བྱེད་དགོས་པ་ཞིག་ནི། ད་རེས་ཀྱི་འགྲན་བསྡུར་ནང་ཞུགས་ཆེད་སེམས་ཀྱི་ཉི་ཟླའི་རུ་ཁག་གི་རུ་མི་ཚོས་སྤྱི་ལེ་1600ལྷག་ཙམ་བསྐྱོད་དེ་ཚ་བ་ཆེ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་མ་འཛེམས་པར་ཕྱི་རྒྱལ་གྱི་རོགས་སྐྱོར་མེད་པའི་གནས་ཚུལ་འོག་དཀའ་སྤྱད་འབད་འཐབ་བྱས་ནས་ཞུམ་པ་མེད་པའི་འབད་འཐབ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་སྙིང་སྟོབས་མངོན་པར་བྱས་པས་རྒྱ་ཆེའི་སྤོ་ལོར་དབྱིངས་ཞུགས་མཁན་ཚོའི་དགའ་བསུ་ཐོབ་ཡོད།འགྲན་བསྡུར་རིང་སེམས་ཀྱི་ཉི་ཟླ་རུ་ཁག་གིས་རྒྱ་ཆེའི་སྤོ་ལོར་དབྱིངས་ཞུགས་མཁན་ཚོར་སྤྲོ་སྣང་སྦྱིན་པ་མ་ཟད།བདེ་ཆེན་གྱི་ལན་ཆིའུ་སྤོ་ལོའི་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཡོད།ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་པ་བརྒྱུད་མི་དེ་བས་མང་བས་བདེ་ཆེན་ངོས་འཛིན་ཐུབ་པ་དང་སེམས་ཀྱི་ཉི་ཟླའི་ཡུལ་ལྗོངས་ཤེས་རྟོགས་ཐུབ་ཡོད།