རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-22   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།
ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ།
ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཚའེ་ཆི་ཚོགས་འདུར་ཞུགས་པ།
ཟླ་8ཚེས་21ཉིན་གྱི་སྔ་དྲོར། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2ཙམ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དགའ་འཛོམས་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ།
ཟླ་8ཚེས་21ཉིན་གྱི་སྔ་དྲོར། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2ཙམ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དགའ་འཛོམས་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་དང་། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ལོ་ངོ་དྲུག་ཅུ་ཡི་རིང་དཀའ་ངལ་ཁྱད་དུ་བསད་ནས་འབད་འཐབ་བྱས། ལོ་ངོ་དྲུག་ཅུ་ཡི་རིང་གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་། ཚེས་21ཉིན་གྱི་སྔ་དྲོར། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2ཙམ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དགའ་འཛོམས་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཚོགས་འདུར་ཞུགས་པ་རེད།
གནའ་གྲོང་ལྷ་སར་ཚོན་དར་ལྷབ་ལྷུབ་ཏུ་གཡོ་ཞིང་གང་སར་དུས་ཆེན་གྱི་རྣམ་པ་ཟབ་མོས་ཁེངས་ཡོད། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་གཤམ་འོག་ཏུ་བོད་བཟོའི་ཁྱད་ཆོས་ལྡན་པའི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྡིངས་ཆ་བརྒྱབ་ཡོད། ཀྲུའུ་ཞིའི་སྡིངས་ཆའི་ཐོད་དུ་བཀལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན”གྱི་འཕྲེད་འགེལ་སྦྱར་ཡིག་མངོན་གསལ་ཤིན་ཏུ་དོད་ཅིང་། གྱང་སྟེང་དུ་རྟེན་འབྲེལ་ཆེ་མོའི་ཚོགས་རྟགས་དང་། “1965” “2025”ཞེས་བཀལ་བ་དང་། གཞོགས་གཉིས་སུ་དར་དམར་10བསྒྲིགས་ཡོད། ཀྲུའུ་ཞིའི་སྡིངས་ཆའི་ཁ་སྤྲོད་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་མི་རིགས་ཁག་གི་མང་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་དེ་གར་འཛོམས་ཏེ་ལག་ནང་གི་དར་དམར་གཡུག་གཡུག་བྱས་པས་དགའ་སྤྲོ་དཔལ་གྱི་རྣམ་པས་ཁེངས་ཡོད།
སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། དགའ་སྤྲོ་རབ་ཏུ་འཁོལ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྣམས་ཀྲུའུ་ཞིའི་སྡིངས་ཆའི་ཐོག་ཕེབས་སྐབས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མས་ཡར་ལངས་ནས་སྐད་གསངས་མཐོན་པོས་རྒྱལ་གླུ་བླངས་པ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དལ་བུར་བསྒྲེངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཀྲང་གོ་ཆིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད། (རྟེན་འབྲེལ་གློག་འཕྲིན་ཆ་ཚང་ཟུར་དུ་འགོད་རྒྱུ)
ཝང་ཧུའུ་ཉིང་གིས་བོད་རང་སྐྱོང་ལྗོངས་ལ་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་བསྩལ་བ་རེད།
ཝང་ཧུའུ་ཉིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་1965ལོའི་ཟླ་9པར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་རབ་ཏུ་འཕྲོ་བའི་འོག བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་ཡོད། འདི་ནི་བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ཞིང་། དེས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་སྲ་བརྟན་དུ་བཏང་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ཅེས་གསུངས་པ་རེད། ལོ་ངོ་60ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ། མི་རིགས་མཐུན་སྒྲིལ་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་བཅས་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་སྟོབས་ཤུགས་གང་ལེགས་མངོན་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་སྐུལ་འདེད་བཏང་བས། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ལ་སླེབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཐད་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་ཤིག་མངོན་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ཁོང་དུ་ཏན་ཏིག་ཆུད་པར་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་རྒྱུར་འབད་བརྩོན་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། (རྟེན་འབྲེལ་གློག་འཕྲིན་ཆ་ཚང་ཟུར་དུ་འགོད་རྒྱུ)
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། བོད་རིགས་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་རིག་འཛིན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད།
དེ་རྗེས་བཀྲ་ཤིས་དགའ་སྟོན་གྱི་རྣམ་པས་ཁེངས་པའི་མང་ཚོགས་ཀྱི་གཟིགས་འབུལ་གཟབ་རྒྱས་བྱས་ཤིང་། གཟིགས་འབུལ་དེ“དར་ཆས་ཁྲིད་སྟོན་བྱེད”དང་། “དོན་ཆེན་བཞི” “དུས་རབས་གསར་པར་འབད་འབུངས” “འབྱུང་འགྱུར་ལ་ཕྱོགས་པ”བཅས་ནང་དོན་བཞི་ལ་དབྱེ་ཡོད་པ་དང་། མང་ཚོགས་ཀྱི་གཟིགས་འབུལ་རུ་སྟར་གྲུ་བཞི་དང་གཟབ་འཁོར་26སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཁྲོད་དུ་རིམ་པ་བཞིན་སྡིངས་ཆའི་ཕྱོགས་སུ་བསྐྱོད། མི་རིགས་ཁག་གི་མང་ཚོགས་ཚོས་ཚོན་མདངས་རྣམ་པར་བཀྲ་བའི་རྒྱན་གོས་གྱོན་པ་དང་སྤྲོ་སེམས་འཁོལ་ཞིང་སྟངས་སྟབས་ཡངས་བའི་ཞབས་བྲོ་འཁྲབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་དགའ་གུས་དང་ཏང་དང་རྒྱལ་ཁབ་ལ་དྲིན་གཟོའི་བསམ་པ་འཆང་བ་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུག་གཡུག་ཡང་ཡང་གནང་ནས་གུས་ལན་གནང་བ་རེད།
《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་སེམས་ཤུགས་འཕེལ་བའི་འགྱུར་ཁུག་ཁྲོད་ཞི་བདེའི་ཕུག་རོན་གྱིས་གཤོག་རྩལ་ངོམ་བཞིན་ནམ་མཁར་འཕུར་བ་དང་། ཚོན་མདངས་རྣམ་པར་བཀྲ་བའི་ལྒང་ཕུག་མཁའ་དབྱིངས་སུ་གློད་པས། ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་གྲགས་ཏེ་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།
ལི་ཀན་ཅེ་དང་། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ཀྲང་ཧྲེང་མིང་། བོད་དུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།