ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-22   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྟེན་འབྲེལ་གློག་འཕྲིན།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ལ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། བོད་ཀྱི་འཛུགས་སྐྲུན་ལ་ཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་དང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་བཅས་ཚང་མར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ་གི་ཡིན།

    1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཤིང་། དེ་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་རེད། དེ་ལས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་དངོས་སུ་ལག་བསྟར་བྱས་ཏེ་བོད་ཀྱི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་དུས་རབས་ཀྱི་ལེའུ་གསར་པ་བཏོད་པ་མཚོན་ཡོད། ལོ་ངོ་60ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་པ་བཅས་བོད་ཀྱི་རྣམ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། འཛམ་གླིང་ཡང་རྩེར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་མཚར་གསར་པ་ཟམ་མི་ཆད་པར་བཏོད་ཡོད། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་ཡོད། སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བར་བརྟེན་མཐའ་མཚམས་སྲ་བརྟན་དང་བདེ་འཇགས་བྱུང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཏེ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་དུལ་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་པ། རིག་གནས་བྱ་གཞག་དར་རྒྱས་དང་གོང་འཕེལ་ཕྱིན་པ། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་བརྟན་དུ་ཕྱིན་པ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་བྱུང་ཡོད། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཏེ་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། ད་ཆ་བོད་དུ་དཔྱིད་ཀྱི་དཔལ་ཡོན་བཞད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མི་རིགས་ཁག་གི་མི་དམངས་ཕན་ཚུན་ལྟ་སྐྱོང་དང་སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།

    བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་60ཡི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ལ། ཉམས་མྱོང་ཡང་ཧ་ཅང་རྩ་ཆེན་ཞིག་ཡིན། འདི་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་དང་། བོད་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་ཞིག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རོགས་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ་ཞིག་བཅས་ཡིན། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཡག་པོ་སྐྲུན་ཐུབ་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་མཉམ་དུ་གཏོད་ཐུབ།

    མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན། བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཧུར་ཐག་སྐྲུན་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་གྱུར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་རེ་བ་ཡོད།

    བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྲིད་ཁྲིམས་དཔུང་ཁག་བཅས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་དར་སྤེལ་གཏོང་བ། ལྷག་བསམ་རྣམ་དག་གིས་རྒྱལ་སྲུང་མཐའ་སྲུང་བྱེད་པ། དམག་སྲིད་དང་། དམག་དམངས། ཉེན་རྟོག་པ་དང་མི་དམངས་བཅས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་། དངོས་སྒྲུབ་འབད་འཐབ། ཕྱར་བ་གྲུ་འདེགས། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས།

    བོད་རང་སྐྱོང་ལྗོངས་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ།

    བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།

    ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་ཤོག

    ཀྲུང་གུང་ཀྲུང་དབྱང་དང་།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

    རྒྱལ་སྲིད་སྤྱི་ཁྱབ་ཁང་།

    རྒྱལ་ཡོངས་སྲིད་གྲོས།

    ཀྲུང་དབྱང་དམག་ཨུད་བཅས་ཀྱིས།

    2025ལོའི་ཟླ་8ཚེས་21ཉིན།