རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཁ་སྒྱུར་ཕྱོགས་སྟོན་གྱིས་ཐབས་འདོན་ཇུས་འབུལ་གནང་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་སྤྱི་འདོམས་གནང་བ།
དུས་ཚོད་1965ལོའི་ཟླ་9པར་ཕྱིར་དྲན་ཞིག་བྱས་ཚེ། མི་རིགས་ཁག་གི་འཐུས་མི་301ལྷ་སར་མཉམ་དུ་འཛོམས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོར་ཞུགས་པ་རེད།
དུས་ཚོད་ནི་1965ལོའི་ཟླ་9པར་གཏན་འཁེལ་བྱས་པ་སྟེ། རང་ཁྱིམ་རང་བདག་གི་སྤོབས་སེམས་བཅངས་ནས་འཐུས་མི་ཚོས་འདེམས་ཤོག་སྒམ་ནང་དུ་འདེམས་ཤོག་རྩ་ཆེན་རེ་འཕངས་ཤིང་། དུས་དེ་ནས་བཟུང་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་བཟང་བ་ཐོབ་པ་དང་ཆབས་ཅིག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཐུགས་ལ་བཅངས་པ་དང་བོད་ལ་བརྩེ་སེམས་ཟམ་མོ་བཅངས་ནས། སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འདོན་ཇུས་འབུལ་གནང་བ་དང་། གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ། གཙོ་གནད་རྣམ་གྲངས་རབ་དང་རིམ་པ་འཆར་འགོད་གནང་ཡོད།
——2013ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས”པའི་འཐབ་ཇུས་ཀྱི་དགོངས་པ་བཏོན་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་གནས་བབ་གལ་ཆེན་ཁ་གསལ་བཟོས་གནང་ཡོད།
——2015ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་གི་བོད་སྐྱོང་མཛད་ཇུས་སྐོར་ལ་རྒྱས་བཤད་གནང་བ།
——2020ལོའི་ཟླ་8པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་བོད་སྐྱོང་མཛད་ཇུས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་གནང་བ་རེད། “ངེས་པར་དུ་བཅུ”ཡི་དགོངས་པ་བཏོན་ནས་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བསྐྱོན་ཏེ། དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
——2021ལོའི་ཟླ་7པར། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་ལ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སུ་ཐེངས་དང་པོ་རེད། བོད་དུ་རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅིས“ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་མཚོན་པར་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་དགོས”ཞེས་ཁ་གསལ་བཏོན་གནང་ཡོད།
ད་ལྟའི་བོད་ལྗོངས་སུ“ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ”ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་འོད་ཟེར་སྟོང་ལྡན་གྱི་ཁྲིད་སྟོན་ཡོད་པས། བོད་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་འཕྲོ་བ་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་དེ་བས་བརྟན་པོ་ཡོད།
འཕྲིན་ལན་ཐུང་ཡང་བརྩེ་བ་ཟབ་པས་ཞལ་མཇལ་གླེང་མོལ་གནང་བ་ལྟར་བྱུང་ནས་གངས་ལྗོངས་ཀྱི་བུ་ཕྲུག་རྣམས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་ལྕག་བྱས་པ།
“སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་འདུག”
“སྤྱི་ཁྱབ་ཧྲུའུ་ཅི་བཀྲ་ཤིས་བདེ་ལེགས”
ད་ལོའི“བདུན་གཅིག”ཏང་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་བཀོད་པ་མཛེས་ཤིང་སྲང་ལམ་ཚང་མ་གཙང་ལ་གྲལ་སྟར་འགྲིག་པོ་ཡོད། གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ལ་སྤྲོ་སེམས་འཁོལ་པོས་བསུ་བ་གཟབ་རྒྱས་ཞུས་པ་རེད།
“ལོ་འདི་དག་རིང་གྲོང་ཚོར་སླར་ཡང་འགྱུར་ལྡོག་གསར་པ་བྱུང་བ་དང་ཡུལ་མི་རྣམས་ཀྱི་ཡོང་འབབ་མང་དུ་སོང་བ་ཤེས་སྐབས། ང་ཧ་ཅང་དགའ་པོ་བྱུང”
“ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད”
དགའ་སྤྲོ་དང་། དྲོ་སྐྱིད། བདེ་སྐྱིད་བཅས་ཀྱི་རྣམ་པ་ཟབ་མོའི་ཁྲོད་ཚང་མས་2021ལོའི་ཟླ་7ཚེས་21ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཀ་ལ་གྲོང་ཚོའི་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་དམངས་འཚོའི་སྐོར་བཀའ་འདྲི་གནང་བའི་རྣམ་པ་སླར་ཡང་ཕྱིར་དྲན་བྱས།
ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ཀ་ལ་གྲོང་ཚོས་དུས་རབས་ཀྱི་གོ་སྐབས་དམ་འཛིན་ཧུར་ཐག་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕྱུག་གི་ལམ་བུར་བསྐྱོད་ཡོད།
2024ལོར་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་1402ཟིན་པ་དང་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་700ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དེ་2021ལོ་དང་བསྡུར་ན་བཅུ་ཆ་བཞི་འཕར་ཡོད།
2024ལོར་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.12ཟིན་པ་དེ་2021ལོ་དང་བསྡུར་ན་སྒོར་5000ལྷག་ཙམ་འཕར་ཡོད།
ཀ་ལ་གྲོང་ཚོ་དེ་ལྟར་ཡིན་ལ། དེ་སྔའི“མི་གསུམ་ཤང”ཡུལ་སྨད་ཀྱང་དེ་ལྟར་ཡིན།
2017ལོའི་ཟླ་10ཚེས་29ཉིན་ལ་ཕྱིར་དྲན་ཞིག་བྱས་ཚེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་ལག་ཏུ་འབྱོར་སྐབས། ལོ་ལྔ་བཅུ་ལྷག་ཙམ་ལ་སླེབས་པའི་གཅེན་གཅུང་གཉིས་ལ་སེམས་འགུལ་ཆེན་པོ་ཐེབས།
“སྤྱི་ཁྱབ་ཧྲུའུ་ཅི་མཛད་བྲེལ་ཧ་ཅང་ཆེ་ནའང་། ང་ཚོར་འཕྲིན་ལན་མགྱོགས་པོ་འདི་འདྲ་གནང་གི་རེད་བསམ་མ་བྱུང”“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་གི་བཀའ་མོལ་ཚང་མ་ང་ཚོ་མཐའ་མཚམས་མང་ཚོགས་ཀྱི་སེམས་གཏམ་ཤ་སྟག་རེད་འདུག”
ད་ཆ་ཡུལ་སྨད་ཤང་དུ་དུད་ཚང་67དང་མི་300ཙམ་བར་མང་དུ་ཕྱིན་པ་དང་། ཐོག་དཔངས་དམའ་བའི་ཁང་པ་གོག་ཧྲུལ་དག་ས་ཁོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་བཟོའི་སྒོ་ར་རང་འགྲིག་གི་སྡོད་ཁང་ལ་གྱུར་པ། འདམ་རྫབ་ཀྱིས་ཁེངས་པའི་རི་ལམ་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་དུ་གྱུར་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ལ་སྔ་རྗེས་སུ་འཕྲིན་ལན(རྟེན་འབྲེལ་འཕྲིན་ཡིག)ཐེངས་མང་གནང་ཡོད།
འཕྲིན་ལན་རེ་རེ་ནན་ཏན་ངང་བཀླགས་ཚེ། འཕྲིན་ཡིག་ཚང་མའི་ནང་འཚམས་འདྲི་དང་། མོས་བསྟོད། ཐུགས་རེ་ཟབ་མོ་བཅས་གནང་ལུགས་མཚོན་པ་དང་། འཕྲིན་ཡིག་ནང་གནང་བའི་མངགས་བཅོལ་རེ་རེས་ཏང་སེམས་དང་དམངས་སེམས་གཅིག་མཐུན་དང་། མི་སྒེར་དང་མེས་རྒྱལ་དམ་པོར་འབྲེལ་ཡོད།
དེ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ལ་བཀའ་དྲིན་ཚད་མེད་འཆང་ལུགས་སེམས་ལ་བརྟན་པོར་ངེས་པ་མ་ཟད། དེ་མཐུན་སྒྲིལ་འབད་འཐབ་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་བསྒྱུར་ནས་བྱ་གཞག་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8རྒྱག་སྐབས་སུའང་། གེགས་ཁུལ་གྱི་མང་ཚོགས་རྣམས་ལ་དངངས་འཚབ་དེ་ཙམ་ཆེན་པོ་བྱུང་མེད། “ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་”ཀྱི་ཡོད་པས་མི་རྣམས་ལ་སྟོབས་ཤུགས་ཆེན་པོ་སྦྱིན་ཡོད།
ཟླ་8ཚེས་15ཉིན། ཁ་བཏགས་དང་སྨོན་འདུན་བཟང་པོའི་འོག་དིང་རི་དང་། ལྷ་རྩེ། ས་སྐྱ་སོགས་རྫོང་གི་དུད་ཚང་2578ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་12139བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པ་ཁག་དང་པོར་དངོས་སུ་སྤོས་པ་རེད།
ས་ཡོམ་བརྒྱབ་རྗེས་ཀྱི་ཞིག་རོའི་རྣམ་པ་ནས་མང་ཚོགས་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་ཁག་དང་པོར་སྤོས་པའི་བར་དུ། དུས་ཐུང་ཉིན་220ཡི་ནང་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི“ཀྲུང་གོའི་ངོ་མཚར”བཏོད་ཡོད།
“དོན་ཆེན་བཞིར”དམིགས་པ་དང“འཛུཌ་གཏོད་བཞིར”ཤུགས་བརྒྱབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་པ།
བོད་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཆ་ཞིག་ཡིན་པས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་སྲོག་རྩ་ཡིན། མི་རིགས་ཁག་གི་མང་ཚོགས་ཀྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་དམ་པོར་དམིགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་གཞི་རྟེན་དང་དམ་འཛིན་བྱ་གཞིར་བྱས་ཏེ་ལག་གདང་སྦྲེལ་ནས“ས་མཐོའི་སེ་འབྲུ་དམར་པོའི”སྤུས་རྟགས་ཡག་པོ་བཏོད་ཡོད།
《2025ལོའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཏན་ཏིག་བྱེད་དགོས་ལུགས་བཏོན་པ་དང་། མཉམ་སྡེབ་14དང་མི་སྒེར་15ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ངོ་བོའི་བླང་བྱ་རེད། གོ་སྐབས་བཟང་པོ་དམ་འཛིན་བྱས་པས་ཐོན་ལས་ཆེན་པོ་དགུ་ལས་སྐྱེ་སྟོབས་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། མཛེས་མཐུན་གྲོང་གསེབ་སྐད་གྲགས་ཡང་ཡང་ཆོད་པ་དང“གླིང་ཁའི་དཔལ་འབྱོར”དང“ཞིང་ཁྱིམ་སྤྲོ་སྐྱིད་ཁང”གྲོང་གསེབ་དཔལ་འབྱོར་གྱི་འཕར་གཞི་གསར་པར་གྱུར་ཡོད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་ཕྱེ་བའི་བོད་ཀྱི་ས་བབ་ཀྱི་ལེགས་ཆ་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
《2025ལོའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་དོན། ན་ནིང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.3%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.8%དང་8.3%སོ་སོར་འཕར་བ། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་རྒྱུན་འཁྱོངས་ཐུབ་ཡོད།
བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་བ་དང་བུ་བཅོལ་ཁང་ནས་མཐོ་འབྲིང་བར་གྱི་ལོ་15ཡི་རིང་གི་གཞུང་གྲོན་སློབ་གསོ་སྔོན་ལ་ལག་ལེན་བསྟར་ཡོད། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་རིང་དུ་ཕྱིན་ཡོད། 2024ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་པ་དེ་1965ལོའི་ལྡབ་121ཡིན་པ་དང་ལོ་རེར་ཆ་སྙོམས་8.5%འཕར་ཡོད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་པ་དེ་1965ལོའི་ལྡབ་199ཡིན་པ་དང་ལོ་རེར་ཆ་སྙོམས་9.4%འཕར་ཡོད།
བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་འགན་འཁྲི་གལ་ཆེན་ཞིག་རེད། རང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་ནས། ལྗོངས་ཡོངས་སུ་རྒྱལ་ཁབ་ས་ཆ་50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་ནས་ནགས་བཟོ་མུའུ་ཁྲི་100ལྷག་ཙམ་བྱས་པས་ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་12.31%བར་ཆེ་རུ་ཕྱིན་ཡོད། མིག་སྔར་གཙོད་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་པ་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་སླར་གསོའི་རང་བཞིན་གྱི་འཕར་སྣོན་བྱུང་ཡོད། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་99.7%ཡན་ཆད་ལ་སླེབས་པ་དང་། གཙང་པོ་དང་མཚོ་མོ་གཙོ་བོའི་ཆུའི་སྤུས་ཚད་100%ཟིན་པའམ་ཡང་ན་Ⅲརིགས་ཀྱི་ཆུ་གཟུགས་ལས་ལེགས་པའི་ཚད་དུ་སླེབས་ནས་བོད་འདི་ཉིད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་བཏོད་པ་དང་ལོར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་15ལྷག་སྤྲད་པས། མི་དམངས་མང་ཚོགས་ཀྱི“སྐྱེ་ཁམས་ཀྱི་ཡོང་འབབ”ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད།
མཐའ་མཚམས་དར་ན་མཐའ་མཚམས་ས་ཁུལ་དར་བ་དང་མཐའ་མཚམས་མི་སེར་ཕྱུག་པོ་ཆགས་ན་མཐའ་སྲུང་སྲ་བརྟན་ཡོང་ཐུབ། རང་ལྗོངས་ཀྱིས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་དམག་འཐབ་བཙན་རྫོང་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་གཏོང་བ་སོགས་སྤྱོད་གོ་ཆོད་པའི་བྱ་ཐབས་རབ་དང་རིམ་པས་མཐའ་མཚམས་ཀྱི་རྒྱ་ཆེའི་མང་ཚོགས་རྣམས་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་པར་རམ་འདེགས་བྱེད་བཞིན་ཡོད་པ་རེད།
ས་མཐོའི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། དངོས་སྒྲུབ་གཙོ་བོར་འཛིན་པ་དང་འབད་འབུངས་ཡར་བརྩོན་མཐའ་འཁྱོངས་དང་། གཞུང་འཁྱོངས་གསར་འབྱེད་དང་དངོས་འཛིན་དངོས་སྒྲུབ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད།