རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3300ཡོད་པའི་བདེ་ཆེན་ས་མཐོ་རུ་སེམས་ཀྱི་ཉི་ཟླའི་དམངས་འཚོ་སྨན་ཁང་ནི་ཡུན་ནན་ནུབ་བྱང་མང་ཚོགས་ཀྱི་བདེ་ཐང་གི་ལམ་བུ་ལ་སྒྲོན་མེ་བཞིན་ནམ་ཡང་ལམ་སྟོན་གྱི་ལས་ལ་འབད་བཞིན་ཡོད། 2012ལོར་སྨན་ཁང་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་ཐོབ་པ་ནས་2013ལོར་ཚོད་ལྟའི་ལས་གཉེར་བྱས་པ་དང་། 2019ལོར་རིམ་པ་གཉིས་པའི་ཕྱོགས་བསྡུས་སྨན་ཁང་དུ་ཞིབ་དཔྱད་གཏན་འཁེལ་བྱས་པ། ཐོག་མའི་དུས་སྐབས་ཀྱི་སྒྲིག་བཀོད་ཉུང་བ་དང་སྨན་བཅོས་དང་མི་སྣ་ཉུང་བ་ནས་ད་ཆ་འཕྲལ་བཅོས་དང་། སྔོན་འགོག་བདེ་སྲུང་། གཟུགས་པོར་བརྟག་དཔྱད་སོགས་ཚན་ཁག་17བསྐྲུན་པ། ས་མཐོའི་སྨན་ཁང་འདིས་ཐོག་མཐའ་བར་གསུམ་དུ“བདེ་ཆེན་ས་མཐོའི་ཐབ་ཚང་དུ་དུ་བ་ཐོན་པའི་ས་ཆ་ཚང་མར་སྨན་པ་ཐོན་དུ་འཇུག་དགོས”ཞེས་པའི་དམ་བཅའ་ལག་ལེན་བསྟར་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་བརྩེ་སེམས་ཆེན་པོས་སྲུང་སྐྱོབ་བྱེད་ཀྱི་ཡོད།
ཐོག་མའི་སྨན་བཅོས་ཁང་ཆུང་ཆུང་ནས་ད་ལྟའི་ཕྱོགས་བསྡུས་སྨན་ཁང་གི་འཕེལ་རྒྱས།
སྨན་ཁང་དེ་བཙུགས་མ་ཐག་པའི་སྐབས་སུ་སྨན་དོན་མི་སྣ་འགའ་དང་ཉལ་ཁྲི་བཅུ་ལྷག་ཙམ་ལས་མེད་པ་དང་།ལོ་13གྱི་འཕེལ་རྒྱས་བརྒྱུད་སྨན་ཁང་གི་གཞི་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་རིམ་གསུམ་དྭངས་གཙང་གཤགས་བཅོས་ཁང་དང་རང་ཚུགས་གཟུགས་པོ་བརྟག་དཔྱད་ལྟེ་གནས་ཀྱི་ཐོག་བརྩེགས་ཁང་ཆེན་བསྐྲུན་པ་དང་འབྲེལ་དུང་འཁྱིལ་CTདང་གློག་འགོག་ཉིང་རྡུལ་ཁབ་ལེན་མཉམ་འདར་སོགས་དེང་རབས་ཅན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་རེད། 2024ལོར་ལག་བསྟར་བྱས་པའི“སྨན་བཅོས་ཁོར་ཡུག་ལེགས་གཏོང་འདུ་འགོད”ལག་བསྟར་བྱས་ཏེ་ནད་ཁང་རེ་རེར་སྤྱོད་ཁང་དང་ཁྲུས་ཁང་བཙུགས་པ་དང་།སྤྱི་པའི་ཁོར་ཡུག་གི་ཕྱོགས་སྟོན་དང་སྒུག་སྡོད་སྒྲིག་བཀོད་ལེགས་སུ་བཏང་བས་ནད་པའི་སྨན་བཅོས་ཀྱི་མྱོང་ཚོར་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 2019ལོར་ཁམས་གསོ་སྨན་བཅོས་ཚན་ཁག་བཙུགས་ནས་ས་མཐོའི་རྒྱུན་མཐོང་གི་གྲུམ་ནད་དང་ཆུ་བུར་སོགས་ནད་རིགས་ལ་ཁ་གཏད་གཅོག་པ། 2022ལོར་བདེ་ཐང་གཟུགས་པོར་བརྟག་དཔྱད་ཚན་ཁག་བསྣན་ནས་གཙོ་བོ་ལས་བཟོའི་བདེ་ཐང་གཟུགས་པོར་བརྟག་དཔྱད་དང་མི་སྒེར་གྱི་བདེ་ཐང་གཟུགས་པོར་བརྟག་དཔྱད་སོགས་ཀྱི་རྣམ་གྲངས་སྤེལ་བ་དང་། 2023ལོར་བདེ་ཆེན་ཁུལ་གྱི་དམངས་གཉེར་སྨན་ཁང་དང་པོ་སྟེ་རྣ་སྣ་མིག་གསུམ་གྱི་སྨན་ཁང་དུ་སྡོད་སའི་ནད་ཁུལ་བཙུགས་ནས་ཉེ་འཁོར་གྱི་ནད་པར་སྟབས་བདེ་བསྐྲུན་རྒྱུ། 2025ལོར་གསར་འཛུགས་བྱས་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཚན་ཁག་གིས་རང་བྱུང་གསོ་ཐབས་དང་སྤྱི་ཁོག་སྙོམས་སྒྲིག་གི་ཁྱད་ལྡན་ཞབས་ཞུ་མཁོ་འདོན་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དེ་བཞིན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རིག་གནས་ཁྱབ་སྤེལ་གཏོང་བའི་སྐར་ཁུང་གལ་ཆེན་དུ་གྱུར་ཡོད།
སྤྱི་ཕན་བྱ་བའི་རྗེས་ཤུལ་གངས་རི་དང་གྲོག་རོང་ཀུན་ཏུ་ཁྱབ་པ།
གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུ་ནི་དམངས་འཚོའི་སྨན་ཁང་གི་མངོན་གསལ་དོད་པའི་རྨང་གཞི་ཡིན། སྨན་ཁང་བཙུགས་ནས་ལོ་13སོང་རིང་། སྨན་ཁང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་།འཇོལ་རྫོང་།འབའ་ལུང་རྫོང་སོགས་ཀྱི་ཤང་དང་གྲོང་ཚོའི་སྡེ་ཁུལ་དང་དེ་བཞིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་རོང་རྫོང་སོགས་སུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཐེངས་246སྤེལ་ནས་གཞི་རིམ་མང་ཚོགས་དང་གཡུ་འབྲུག་དགོན་སོགས་ཀྱི་དགེ་འདུན་པར་ཞབས་འདེགས་ཞུས་ཡོད། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོར་ཡུལ་སྐོར་བ་ཡོང་བའི་གྲོང་མིར་ཞིབ་ཚགས་པའི་སྨན་བཅོས་བྱས་པ།མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་གང་དུ་ཡོད་ན་ཞབས་ཞུ་དེ་གར་སྤེལ་བའི་འདུ་ཤེས་དེ་སྨན་ཁང་ཡོངས་ཀྱི་གོང་འོག་ཚང་མའི་བྱ་སྤྱོད་ཀྱི་ཚད་གཞིར་གྱུར་ཡོད།
ཁུར་པོ་ཡང་དུ་གཏོང་བའི་བྱ་སྤྱོད་ལ་བརྟེན་ནས་དམངས་འཚོའི་རེ་བ་སྐོང་བ།དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་ཁང་གིས་ནད་བཅོས་དང་སེམས་གསོ་བྱེད་པའི་རོགས་སྐྱོར་མ་ལག་བཙུགས།ཟ་ཁང་གིས་ཉིན་ལྟར་འཚོ་བཅུད་ལྡན་པའི་ཟ་མ་མཁོ་འདོན་བྱེད་པ་དང་།དམིགས་བསལ་དཀའ་ངལ་ཡོད་པའི་ནད་པར་དྲོད་སྲུང་གྱོན་གོས་དང་ཉལ་ཆས་མཐུག་པོ་གྲ་སྒྲིག་བྱེད་པ།སྨན་དོན་མི་སྣས་དུས་བཀག་ནང་ནད་པ་དང་ནད་པའི་ནང་མི་དང་སྙིང་གཏམ་བརྗོད་པ་སོགས་ཐུགས་ཁུར་ཟབ་མོ་བྱས་པས་སྨན་པ་བསྟེན་མཁན་གྱི་སེམས་ལྷོད་ལ་བབས་ཡོད།གཞན་ཡང་སྨན་ཁང་གིས་ད་དུང་ས་གནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག་བུད་མེད་ཚོགས་སྤྱིར་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱས་པ་དང་འོས་འགན་སྨན་བཅོས་བྱས་པ་དང་།དྲིལ་བསྒྲགས་སློབ་གསོའི་ལག་དེབ་སྤྲད་པ་དང་ཡུལ་དངོས་སུ་བློ་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བུད་མེད་ཚོའི་བདེ་ཐང་དོ་དམ་གྱི་འདུ་ཤེས་ཟབ་ཏུ་གཏོང་རོགས་བྱས་པ་རེད།
བོད་རྒྱ་མཐུན་སྒྲིལ་གྱི་སྨན་བཅོས་ཁྱིམ་གཞི།
སྒོ་བསྟེན་ཁང་གི་སྐད་གཉིས་སྟོན་སའི་མདུན་དུ་བོད་རྒྱ་སྐད་གཉིས་ལས་དོན་མི་སྣས་ཉིན་རེར་ནད་པ་བཅུ་ཕྲག་ཁ་ཤས་ལ་སྣེ་ལེན་ཞུ་བ་དང་།ནད་ཁང་ནང་བོད་རིགས་སྨན་གཡོག་གིས་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་ཆེད་ལས་སྨན་བཅོས་དང་མ་ཡིག་གི་གཅེས་སྐྱོང་བྱེད་སྟངས་སྨན་པ་དང་ནད་པའི་དབར་འབྲེལ་མཐུད་བྱས་ཡོད།མི་རིགས་ལས་བརྒལ་བའི་སྨན་བཅོས་ཀྱི་དྲོ་སྐྱིད་དེ་སྨན་ཁང་གིས་བོད་རྒྱ་གཉིས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་བའི་སྨན་བཅོས་ཁྱིམ་གཞིས་གཏོད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
དེས་མ་ཚད་སྨན་ཁང་དེས་ད་དུང་ལག་རྩལ་ལ་བརྟེན་ནས་ཐོན་ཁུངས་སྤུས་ལེགས་རྒྱུན་ཆད་མེད་པར་གཤམ་སྤྲོད་བྱས་ནས་རྒྱང་ཁྲིད་ནད་དཔྱད་ལྟེ་གནས་བསྐྲུན་པ་དང་འབྲེལ་ཞིང་ཆེན་རིམ་པའི་སྨན་ཁང་ཀ་པ་རིམ་པ་གསུམ་པ་མང་པོ་ཞིག་དང་སྦྲེལ་མཐུད་བྱས་ནས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ཏེ་གྲངས་གཞིའི་བདེ་འཇགས་འགན་ལེན་བྱས་པའི་སྔོན་འགྲོའི་འོག་ཞིང་ཆེན་རིམ་པའི་སྨན་ཁང་ཀ་པ་རིམ་པ་གསུམ་པའི་རིགས་གཅིག་མཁས་ཅན་གྱིས་ནད་པར་རྒྱང་ཁྲིད་བརྟག་དཔྱད་དང་དོགས་གཞི་ཡོད་པའི་ནད་གཞིར་ནད་དཔྱད་སོགས་ཀྱི་ཞབས་ཞུ་བྱས་ནས་ས་མཐོའི་མང་ཚོགས་ཀྱི་སྒོ་འགྲམ་དུ་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱས།
ལོ་13རིང་གི་བརྟན་སྲུང་དང་འཕེལ་རྒྱས་ལ་སྤྱི་ཚོགས་དང་ལས་རིགས་ཁག་གི་ཁས་ལེན་ཐོབ་པ་མ་ཟད།ཞིང་ཆེན་དང་ཁུལ་རིམ་པ་ཁག་གི་འགོ་ཁྲིད་ཀྱི་དོ་ཁུར་དང་མཛུབ་ཁྲིད་ཀྱང་ཐོབ་ཡོད་པ་རེད།སྨན་ཁང་དེ་བསྟུད་མར་སྐབས་གཉིས་ལ་ཡུན་ནན་ཞིང་ཆེན་གྱི་ཡིད་རྟོན་དཔེ་སྟོན་དམངས་གཉེར་སྨན་ཁང་ལ་བདམས་པ་དང་འབྲེལ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྔོན་ཐོན་མཉམ་སྡེབ་དང་བདེ་ཆེན་ཁུལ་གྱི་ཤེས་དཔལ་ཚན་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད།2024ལོའི་ཟླ་7པར་ནུབ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་12(རང་སྐྱོང་ཁུལ)ཀྱི་སྤྱི་ཚོགས་སྨན་ཁང་གཉེར་སྐྱོང་ལས་རིགས་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་འོས་སྦྱོར་བྱས་པ་བརྒྱུད“ནུབ་རྒྱུད་ཀྱི་སྤྱི་ཚོགས་སྨན་ཁང་གཉེར་སྐྱོང་གི་མིག་དཔེའི་སྨན་ཁང”གི་མཚན་སྙན་ཐོབ།
ཀྲུང་ལུགས་གསོ་རིག་གི་བདེ་ཐང་ཚན་ཁག་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཚན་ཁག་གཙོ་གནད་ཐོག་བཏོད་དེ་སྲོལ་རྒྱུན་གྱི་གསོ་རིག་ལ་གསོན་ཤུགས་གསར་པ་རྒྱས་པ་བྱེད་པ་དང་།དམངས་ཡོངས་ཀྱི་བདེ་ཐང་གཟུགས་པོར་བརྟག་དཔྱད་བྱེད་རྒྱུ་ཚད་ལྡན་དུ་བཏང་ནས་ནད་གཞི་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་སོགས་སྨན་ཁང་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་མ་འོངས་པར་གནས་ཐིག་གཏན་འཁེལ་གསལ་པོ་དང་མི་དམངས་ལ་བདེ་ཐང་ཡོང་བ་བྱེད་པའི་འགན་འཁྲི་འཁུར་ཡོད་པ་རེད།ལོ་བཅུ་གསུམ་རིང་གངས་ཆར་ལྷགས་རྒྱུག་ཁྲོད་སེམས་ཀྱི་ཉི་ཟླའི་དམངས་འཚོ་སྨན་ཁང་གིས་སྔ་ཕྱི་བར་གསུམ་དུ“ནད་པའི་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་།ཁྱིམ་ཚང་བདེ་སྐྱིད་དང་སྤྱི་ཚོགས་ཞི་མཐུན་ལ་རམ་འདེགས་བྱེད་པའི”ལས་འགན་གཙོ་བོར་བྱས་ནས་གངས་ལྗོངས་ས་མཐོར་མུ་མཐུད་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་བརྩམས་བཞིན་ཡོད།