རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཀྱི་འགོ་ཡག་པོ་བཙུགས་ཡོད་ལ། འཕེལ་རྒྱས་ཀྱང་བདེ་བླག་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་གོ་སྐབས་དམ་འཛིན་དང་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་གཉིས་ཁེ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཆེན་པོའི་མཐུན་སྒྲིལ་རང་དར་གྱི་དཔེ་མཚོན་བཏོད་དེ་ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལ་སྐྲུན་འདོད་ཡོད།
ལུའུ་ལཱ་ཡིས་གསུངས་དོན། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་འབྲེལ་མཐུད་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད། ལུའུ་ལཱ་ཡིས་ཉེ་དུས་པར་ཙིར་དང་ཨ་རིའི་དབར་གྱི་འབྲེལ་བའི་གནས་ཚུལ་དང་དེ་བཞིན་པར་ཙིར་ཕྱོགས་ཀྱིས་རང་ཉིད་ཀྱི་བདག་དབང་སྲུང་སྐྱོང་བརྟན་པོ་བྱེད་པའི་རྩ་དོན་དང་ལངས་ཕྱོགས་ངོ་སྤྲོད་གནང་བ་དང་ཆབས་ཅིག ཀྲུང་གོས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་རང་མོས་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་འགན་འཁུར་གྱི་ནུས་པ་བཏོན་པར་བསྔགས་བརྗོད་ཀྱང་གནང་བ་རེད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབོ་གསེར་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་རྐྱང་པའི་ཧམ་ཤེད་སྤྱོད་ངན་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། པར་ཙིར་ཕྱོགས་ཀྱིས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་བྱས་ཏེ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་དར་ཆ་གསལ་སྟོན་ངང་ངོ་རྒོལ་བྱེད་དགོས། འབོ་གསེར་ལམ་སྲོལ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་པར་ཙིར་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོ་དང་པར་ཙིར་གྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་པེ་ལུན་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན། “ཞི་བདེའི་གྲོགས་པོའི”ཚོགས་ཆུང་གིས་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུའི་ཐད་ནུས་པ་འདོན་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།