མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

        ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ། ལི་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གནང་བ། ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་སྟེ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་འཛུགས་པ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས། སྟབས་བསྟུན་རང་བཞིན་དང་སྔོན་མཐོང་རང་བཞིན་ཆེ་རུ་གཏོང་བ། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་པ། འཛད་སྤྱོད་འཁྲུག་ཏུ་གཏོང་བ་དང“ནང་རྨུག”སེལ་བར་ཤུགས་སྣོན་རྒྱག་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་ཐུབ་པ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་བ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པ”ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། ལི་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་ཀྱང་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སུན་ཆི་ཤིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། ཁོང་རྣམ་པས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་གནང་བའི་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་གཞིག་ལ་རྦད་དེ་མོས་མཐུན་གནང་བ་མ་ཟད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་ཁུལ་ཁོངས་སྒྲོལ་བའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་། ལུས་རྩལ། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། འབྲེལ་ཡོད་འབྱུང་འགྱུར་གྱི་ཐོན་ལས་སྔོན་ལ་བཀོད་སྒྲིག གྲངས་གཞིའི་རྒྱུ་རྐྱེན་གཙོ་བོ་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་སྐྲུན་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་པ། སྟབས་བསྟུན་ལས་ཞུགས་ཚོགས་སྤྱིའི་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། 

    ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ད་ལོའི་ལོ་སྟོད་དུ་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་དོན་ཧུར་ཐག་བསྒྲུབས་ནས་འགག་སྒྲོལ་དཀའ་སེལ་དང་དེ་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་མགྱོགས་མྱུར་ལག་ལེན་བསྟར་བར་བརྟེན་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། དེ་ཐོག་ནས་རང་རྒྱལ་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་གཤིས་ཆེ་བ། གཏིང་ཤུགས་ཆེ་བ་བཅས་ཀྱི་རྣམ་པ་མངོན་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཕན་ཡོད་རྒྱུ་རྐྱེན་རྒྱུན་ཆད་མེད་པར་གསོག་བཞིན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་སྔར་བཞིན་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། དུས་བབ་སྟངས་འཛིན་ཡང་དག་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། འཕེལ་རྒྱས་ཀྱི་གོ་སྐབས་དང་། གཏིང་ཤུགས། ལེགས་ཆ་བཅས་ཡག་པོ་སྤྱོད་པ་བཅས་བྱས་ནས་དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་བའི་དུས་བབ་བརྟན་དུ་དང་རྒྱ་ཆེར་གཏོང་དགོས། ལོ་སྨད་དུ་གཞི་ཆེའི་སྲིད་ཇུས་ཐད་མུ་མཐུད་ཤུགས་རྒྱག་པ་དང་སྐབས་བསྟུན་ཤུགས་འདོན་བྱས་ཏེ་ཕྱོགས་ཡོངས་ནས་ནང་མཁོ་རྒྱ་ཆེར་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་འགོག་པ་དང་སེལ་བ། བྱ་ཐབས་སྣ་མང་སྤྱད་དེ་དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་སྟོད་དུ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཁག་གཅིག་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ། དམངས་གཙོའི་ལྟ་སྐུལ་ལས་དོན་ཧུར་ཐག་སྒྲུབ་པ་བཅས་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་མཉམ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་མངོན་ཡོད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་གཉིས་བཏོན་གནང་བ་སྟེ། དང་པོ། བསམ་བློའི་ངོས་འཛིན་གཅིག་གྱུར་དང་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས། མིག་སྔའི་དཔལ་འབྱོར་དུས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་དང་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་། སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས། བཀོད་སྒྲིག་གལ་ཆེན་བཅས་ལ་གོ་བ་ལོན་པ་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་སེལ་བ། བསམ་ཚུལ་ལེགས་སྒྲིག ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། གཉིས་པ། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འགན་ནུས་དང་ཟུང་འབྲེལ་བྱས་ཏེ་བརྟག་ཞིབ་ཀྱི་ནང་དོན་གནད་འཁེལ་འདེམས་པ་དང་། རིགས་ཁག་གི་ཐོན་ཁུངས་དང་ཆེད་ལས་རིག་མཛོད་ཡག་པོ་སྤྱོད་རྒྱུ་སྤྱི་འདོམས་ཀྱིས་སྔོན་དཔག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་གྲོས་འགོ་དང་བསམ་འཆར་དེ་བས་མང་བ་འདོན་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣར་ཁྲིད་སྟོན་བྱས་ཏེ་གཙོ་ལས་བརྟན་སྲུང་དང་ཁེ་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།