ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དཀྲིས་དང་འབྲུབ་འགོག་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།

ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཉེ་ཆར་ཧྭ་ཤར་དང་། ཧྭ་བྱང་། བྱང་ཤར་སོགས་ས་ཁུལ་ལ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཐོན་ཏེ་པེ་ཅིང་དང་། ཧོ་པེ། ཅི་ལིན། ཧྲན་ཏུང་སོགས་ས་ཁུལ་དུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བྱུང་ཡོད། འབྲུབ་འགོག་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། འབྲེལ་ཆད་དང་ཉེན་གྱར་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་། ཉེན་ཁ་འཕྲད་པའི་མང་ཚོགས་འཕྲལ་ཐག་ཆོད་པོས་གནས་སྤོ་བཀོད་སྒྲིག་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔ་ནི་ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་འབྲུབ་འགོག་གི་འགག་རྩའི་དུས་སྐབས་ཡིན་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མཐའ་ཚད་ཀྱི་བསམ་གཞིག་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོར་བཙུགས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དཀྲིས་དང་། འབྲུབ་འགོག་གི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས། ཉམས་ཞན་ལྷུ་ཚིགས་དང་གཙོ་གནད་ཁུལ་ལ་དམ་པོར་དམིགས་པ། རོགས་སྐྱོབ་སྟོབས་ཤུགས་དང་གེགས་སེལ་དངོས་ཟོག་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག ཐོལ་བྱུང་ཛ་དྲག་གི་གནས་ཚུལ་ཐོན་རྗེས་འཕྲལ་མར་དང་ལེན་དང་འཕྲལ་མར་ཐག་གཅོད་ཐུབ་པའི་འགན་ལེན་བཅས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་པེ་ཅིང་གྲོང་ཁྱེར་སྨི་ཡུན་ཆུས་སུ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པས། འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཉེ་དུས། ཧྭ་བྱང་གི་ས་ཁུལ་ཁ་ཤས་ལ་དྲག་ཆར་བསྟུད་མར་འབབ་བཞིན་ཡོད་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འབྲེལ་ཡོད་ས་གནས་ལ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་ཤུགས་སྔར་བས་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱེད་པ་དང་། དམིགས་བསལ་གནམ་གཤིས་ལ་ལྟ་ཞིབ་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། གཙང་ཆུ་དང་ཆུ་མཛོད་ཀྱི་ཆུ་རགས་ལ་སྐོར་སྲུང་ཉེན་བཤེར་དང་གྲོང་ཁྱེར་ནང་ཁུལ་གྱི་འཁྱིལ་ཆུའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་གྱར་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།