ཁུལ་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གདོང་དམག་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས་29ཉིན། ཁུལ་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གདོང་དམག་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་།  གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།  གྲུབ་འབྲས་ཕྱོགས་བསྡོམས་དང་གནད་དོན་དབྱེ་ཞིབ།  གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་པ་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྡ་ཁྱབ་བཏང་བ་རེད།

        གྲོས་ཚོགས་སུ་བསྟན་དོན། 2024ལོར།  ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དང་།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ།  ཀྲུང་དབྱང་དང་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་འདྲེན་གནད་དོན་དག་ཐེར་དང་ལེགས་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ།   ལྗང་མདོག་དང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། 

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན། འབག་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་ནི་རྒྱུན་སྲིང་དམག་འཐབ་ཞིག་ཡིན་ལ།  དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས།  མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དེ་གནད་འགག་གི་ལྷུ་ཚིགས་ལ་དོ་ཁུར་དང་ནུས་ཤུགས་གཅིག་བསྡུས་བྱས་ནས་མཁྲེགས་གཏོར་བྱེད་དགོས་པ་དང་།    གནམ་སྔོན་པོ་དང་ཆུ་དྭངས་མོ།  ས་གཙང་མ།  རི་སྔོན་པོའི་སྲུང་སྐྱོབ་དམག་འཐབ་ཡག་པོ་བརྒྱབ་ནས་གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་སྤྱི་ཡོངས་ཡར་འདེགས་བྱེད་དགོས།  རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ལ་དམ་པོ་དམིགས་ནས་ཐག་གཅོད་བྱེད་དེ་ཁུལ་ཡོངས་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་ཚད་ལྡན་གཏོང་བའི་ལས་ཀར་སྐུལ་འདེད་མགྱོགས་པོར་གཏོང་བ་དང་།  ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་འདེགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དེ་ཕྱོགས་ཡོངས་ནས་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེར་གཏོང་དགོས།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གྱི་ལྡོག་འདྲེན་གནད་དོན་དག་ཐེར་དང་ལེགས་བཅོས་ལ་དམ་འཛིན་ཡག་པོ་བྱེད་དེ་དུས་ཚོད་དང་སྤུས་ཚད་ལྟར་དག་ཐེར་དང་ལེགས་བཅོས་ཀྱི་ལས་འགན་གྲུབ་དགོས།  

        གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་པ་རྒྱུན་འཁྱོངས་བྱེད་དེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་།  མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ།  མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས་པ་དང་།   སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་“དེ་བས་ཡག་པོ་ལས་ཞན་དུ་འགྱུར་མི་རུང་”གི་རྩ་དོན་ལ་གཞིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་“ཏང་སྲིད་འགན་འཁྲི་འདྲ་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་དེ་ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས།   ནུས་ཤུགས་ཡོད་རྒུས་“ཏང་ཨུ་ཡིས་འགོ་ཁྲིད་དང་།  སྲིད་གཞུང་གིས་གཙོ་ཁྲིད།  ཁོངས་གཏོགས་ས་ཆ་ཡིས་འགན་འཁྲི་གཙོ་བོ་འཁུར།  སྡེ་ཚན་གྱིས་འགན་འཁྲི་འཁུར་བ།  ལས་བྱེད་པ་ཡིས་འགན་འཁྲི་སྒྲུབ་པ”ཡི་འགན་འཁྲིའི་མ་ལག་འཛུགས་ཏེ་ལྟ་ཞིབ་དང་དོ་དམ་ཞབས་ཞུ་ལ་ཤུགས་སྣོན་པ་དང་།  འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བྱས་ནས་ཡུན་ནན་ནུབ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་གཏོང་སྟེ་ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གདོང་དམག་འཛུགས་སྐྱོང་ཁྲོད་སྔོན་ལ་འགྲོ་བ་དང་དཔེ་སྟོན་བྱེད་དགོས།  

        གྲོས་ཚོགས་དེ་བརྙན་ལམ་གྱི་ཚུལ་ནས་རྫོང་(གྲོང་ཁྱེར)ཁག་ཏུ་འཚོགས་པ། ལི་དབྱང་དང་།  ཁྲེན་ཆུན།  ལུའུ་ཀྲི་ཅུན།  དབྱང་ཞུའེ་ཝུན།  ཧོང་ལུང་ཞིན།  ཞུང་ཝུན་པིན་བཅས་སོ་སོ་ཁུལ་རིམ་པའི་ཚོགས་ར་གཙོ་བོ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།