ཞི་ཅིན་ཕིང་དང་འབར་མའི་འགོ་ཁྲིད་པ་རྨིན་ཨང་ལའེ་ཡིས་ཀྲུང་གོ་དང་འབར་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-11   རྩོམ་ཁུངས།    མི་དམངས་དྲ་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་འགོ་ཁྲིད་པ་རྨིན་ཨང་ལའེ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་ཀྲུང་གོ་དང་འབར་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་75ཡི་རིང་། ཆར་རླུང་དྲག་པོ་འཕྲད་ཀྱང་ཀྲུང་གོ་དང་འབར་མའི་སྤུན་ཟླའི་མཛའ་གྲོགས་འབྲེལ་བ་སྔར་བཞིན་བྲག་ལྟར་བརྟན་པོ་བྱུང་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་དར་སྤེལ་གཏོང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་དབན་ལུང་སྙིང་སྟོབས་རྒྱུན་འཁྱོངས་དང་། ཁྱིམ་མཚེས་ཀྱི་མཛའ་མཐུན་འབྲེལ་བ་མཐའ་འཁྱོངས། གཉིས་ཕན་མཉམ་ལས་ཟབ་གཏོང་བཅས་བྱས་ཏེ། ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་དབར་མཛའ་མཐུན་འགྲོ་འོང་བྱེད་པའི་དཔེ་མཚོན་ཞིག་བཏོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོའི་ཟླ་5པར། ང་གཉིས་ཨུ་རུ་སུར་ཞལ་འཛོམས་བྱུང་ནས་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འབར་མའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། འབར་མ་ཕྱོགས་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་གོ་སྐབས་སུ་བཟུང་སྟེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་པ། ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད།

    རྨིན་ཨང་ལའེ་ཡིས་གསུངས་དོན། ཀྲུའུ་ཞི་སྐུ་ཞབས་མཆོག་ནས་2020ལོར་འབར་མར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྟེ། འབར་མ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་རྩོམ་འགོ་བཙུགས་ཡོད། ཉེ་ཆར། འབར་མར་ས་ཡོམ་ཆེན་པོ་བརྒྱབ་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཐོག་ཏུ་མི་ཆོས་རོགས་སྐྱོར་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་མཛའ་གྲོགས་ཟབ་མོ་ལྡན་པ་གང་ལེགས་མཚོན་གྱི་ཡོད། ང་དང་ཀྲུའུ་ཞི་སྐུ་ཞབས་ཁྱེད་མོ་སི་ཁོར་གྲུབ་འབྲས་ལྡན་པའི་ཞལ་འཛོམས་བྱུང་སྟེ། འབར་མ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། འབར་མས་ཞི་བདེ་བརྟན་ལྷིང་དང་། མི་རིགས་མཐུན་འགྲིག དཔལ་འབྱོར་འཕེལ་རྒྱས་བཅས་ཡོང་བ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་རྩེ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་དེ་བས་སྟོབས་ཆེན་དང་། སྲ་བརྟན། གཉིས་ཕན་བཅས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།