རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ5པའི་ཚེས31ཉིན།2025ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་ཚོགས་དེ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་རེད།རྟ་རྒྱུག་འགྲན་བསྡུར་འདིས་གསོན་ཉམས་ལྡན་པའི་སྒོ་ནས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་མངོན་པར་བྱས་པ་མ་ཟད།ཡུལ་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱས་པར་བྱེད་པའི་སྒུལ་ཤུགས་ཆེན་པོར་གྱུར་ཏེ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་རོལ་དབྱངས་གསར་པ་དཀྲོལ་བ་རེད།ཐེངས་འདིའི་རྟ་རྒྱུག་འདི“ལུས་རྩལ་དང་རིག་གནས་ཡུལ་སྐོར”གྱི་གཞི་རྒྱུ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་ཉམས་ལེན་རྣམ་པ་ཞིག་གཏོད་ཡོད།
འགྲན་ར་སྟེང་།རྟ་མཆོག་300ལྷག་ཙམ་གྱིས་གོམ་ཚད་དང་།རྩལ་ནུས་སོགས་འགྲན་པ་མ་ཟད།སེམས་ཀྱི་ཉི་ཟླའི་བྱེས་བགྲོད་འགྲན་བསྡུར་སྐབས་དང་པོས་ལུས་རྩལ་ལ་དགའ་པོ་བྱེད་མཁན་1200ལྷག་ཙམ་གྱི་ཡིད་དབང་བཀུག་ནས་ས་མཐོའི་མཐའ་ཚད་འགྲན་རེད།ས་སྲོས་ཀྱི་དུས་སུ།སྐར་ཚོགས་བཀྲ་བའི་སྤི་རག་རོལ་དབྱངས་འདུ་ཚོགས་ཀྱིས་སྲོལ་རྒྱུན་གྱི་དམངས་གཞས་དང་དེང་རབས་ཀྱི་གློག་རྡུལ་རོལ་དབྱངས་དཀྲོལ་བ་དང་།ཞིམ་ཟས་གསོལ་སྟོན་དང་།སྒར་བརྒྱབ་ཁ་ཧྥེ་སོགས་གསོལ་སྟོན་གཟབ་རྒྱས་ཤིག་ལ་རོལ་བ། ད་དུང་མི་རྣམས་ཀྱིས་རེ་སྒུག་བྱེད་པའི“མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་ཁྲོམ་གཞུང”སྟེ། སྲོལ་རྒྱུན་གྱི་ཉི་ཤར་རྫ་ནག་དང་། ཐང་ག་འབྲི་བཞེངས།བོད་སྤོས་ཐོན་རྫས་སོགས་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་དང་རླབས་རྒྱུན་གྱི་རིག་གནས་ཐོན་ལས་དབར་མེ་སྟག་མི་འདྲ་བ་མཆེད་ནས་གནའ་བོའི་རིག་གནས་དེ་དེང་རབས་ཀྱི་ཁོར་ཡུག་ཁྲོད་སྐྱེ་སྟོབས་ཀྱི་དཔལ་ལ་འབར་བར་བྱས།སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་དེས་ཡུལ་སྐོར་བར་བརྗེད་དཀའ་བའི་ཉམས་ལེན་བྱེད་དུ་བཅུག་པ་མ་ཟད།ཡུལ་སྐོར་གྱི་སྤྲོ་སེམས་དེ་བས་འཕེལ་བར་བྱས་ཡོད་དེ།གྲངས་གཞི་ལས་མངོན་པར།ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་དང་པོར་ཁུལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་10.28ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་8820.82ཟིན་ཡོད།འདིའི་ཁྲོད་།ཞག་འདུག་ཡུལ་སྐོར་ལ་སྒོར་ཁྲི་4110.81ཟིན་པ་་དང་ཉིན་གཅིག་ཅན་གྱི་ཡུལ་སྐོར་ལ་སྒོར་ཁྲི་4710.01ཟིན་པ་རེད།
ཐེ་ལན་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་ཁྲེན་མུའུ་ཅུན་གྱིས་གདོང་ལ་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ང་སེམས་ཀྱི་ཉི་ཟླར་ཐེངས་མང་ཡོང་མྱོང་ཡོད་མོད།འོན་ཀྱང་རྟ་རྒྱུག་དུས་ཆེན་ལ་ཞུགས་ཐེངས་དང་པོ་ཡིན།ཚོགས་འདུ་གཟབ་རྒྱས་འདིའི་ཆེད་དུ།ངས་ཡུན་རིང་ལ་རེ་སྒུག་བྱས་སོང་།ཡུལ་དངོས་ཀྱི་རིག་རྩལ་འཁྲབ་སྟོན་དང་རྟ་རྩལ་འགྲན་བསྡུར་གྱིས་མི་རྣམས་ཀྱི་ཡོད་དབང་འཕྲོག་པར་བྱས།ངའི་བརྒྱུད་རིམ་ཧྲིལ་བོར་བརྙན་ཕབ་དང་པར་རྒྱག་དོན་ནི།ངོ་མཚར་ཆེ་བའི་པར་རིས་འདི་དག་ཐེ་ལན་གྱི་ཁྱིམ་མི་དང་གྲོགས་པོར་ལོངས་སྤྱོད་བྱེད་དུ་འཇུག་འདོད་པ་ཡིན་ལ།ཨེ་ཤ་ཡའི་ཤར་ལྷོའི་ཡུལ་སྐོར་བ་མང་པོ་ཞིག་གི་སེམས་ཀྱི་ཉི་ཟླའི་ཡིད་དབང་འཕྲོག་ཤུགས་མཐོང་དུ་འཇུག་འདོད་པ་ཡིན།ཐེངས་འདིའི་ཡུལ་སྐོར་གྱི་ཉམས་མྱོང་ཧ་ཅང་བཟང་།ངོ་མ་དགའ་སོང་ཞེས་བཤད་བྱུང་།
ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ནི་རང་ཁུལ་གྱིས་དུས་ཆེན་ལ་རྟེན་འབྲེལ་ཞུ་བར་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད།ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་དུས་སྟོན་བྱེད་སྒོ་དེ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་འཆང་གཟུང་གལ་ཆེན་དུ་བཟུང་སྟེ།རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་བརྗིད་ཆགས་ཡིད་འོང་གི་རང་བྱུང་མཛེས་ལྗོངས་མཉམ་བསྲེས་གཏིང་ཟབ་དང་།ཡུལ་སྐོར་ཚོང་ར་རྒྱུན་མཐུད་ངང་སྐུལ་སློང་བྱས་ཏེ།རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་རྒྱུགས་ལན་ཡག་པོ་བྲིས་ཡོད།
སྣ་མང་དུས་ཆེན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་གཏོད་པ།
རང་ཁུལ་ནི་བོད་རིགས་དང་།ལི་སུའུ་རིགས།འཇང་རིགས་སོགས་མི་རིགས་མང་པོ་འདུས་སྡོད་ཁུལ་ཡིན་ཞིང་།མི་རིགས་ཁག་གི་དུས་སྟོན་དང་རིག་གནས་རྣམ་པར་བཀྲ་བར་གྱུར་ཡོད།བོད་ཀྱི་ལོ་གསར་དང་།ལི་སུའུ་རིགས་ཀྱི་ཁོ་ཧྲི་དུས་ཆེན། འཇང་རིགས“ཟླ་གཉིས་པའི་ཚེས་བརྒྱད”ཀྱི་ཐུན་མོང་མ་ཡིན་པའི་དུས་ཆེན་སོགས་ནི་མི་རིགས་ཀྱི་རིག་གནས་གསོན་ཉམས་དོད་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་འགུག་པའི་མིང་བྱང་ཞིག་ཀྱང་ཡིན་པ་རེད།བདེ་ཆེན་ཁུལ་གྱིས“དུས་ཚིགས་རེར་བརྗོད་བྱ་གཙོ་བོ་ཡོད་པ་དང་།ཟླ་རེར་བྱེད་སྒོ་ཡོད་པ།གཟའ་འཁོར་རེར་ལེ་ཚན་ཡོད་པ།ཉིན་རེར་བཀྲག་མདངས་འཚེར་ས་ཡོད་པ”བཅས་ཀྱི་འདུ་ཤེས་བཟུང་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་དུས་ཆེན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།སྐབས་དང་པོའི་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཡི་རིག་གནས་ཡུལ་སྐོར་དུས་ཆེན་བདེ་བླག་ངང་སྤེལ་བ་དེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད། བྱ་འགུལ་རིང་། མི་སེམས་འགུལ་བའི་གླུ་གར་གྱི་ལོ་རྒྱུས་མཚོན་པའི་ཟློས་གར《འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཕུགས་འདུན》ཞེས་པ་ཐོག་མར་འཁྲབ་སྟོན་བྱས་པ་དང་།“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད”ཅེས་པའི་འཛད་སྤྱོད་འཛིན་ཤོག་དང་གཟིགས་སྐྱོང་སྲིད་ཇུས་ཁག་9དུས་གཅིག་ཏུ་བཏོན་པ་མ་ཟད། ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ཁྲོམ་རའི་འཛད་སྤྱོད་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བ་བྱས་ཡོད།
རིག་གནས་ཡུལ་སྐོར་དུས་ཆེན་ཆེ་གྲས་ཕུད།བདེ་ཆེན་ཁུལ་གྱི་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡང་སྤེལ་བཞིན་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡང་ཐང་གྲོང་རྡལ་གྱི“སྟག་ཟླ”རུ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བ་དང་།ཐག་འཐེན་པ།ཞབས་བྲོ་འཁྲབ་པ།རྟ་རྒྱུག་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོར་བརྟེན་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུས་པ་དང་།དབྱར་ཁའི་གུང་གསེང་རིང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་ཕ་མ་དང་བུ་ཕྲུག་མང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་རིག་གནས་ཡུལ་སྐོར་ཁྲོམ་རར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
དུས་ཆེན་ལ་བརྟེན་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས།
དུས་སྟོན་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་བ་དེ།བདེ་ཆེན་ཁུལ་གྱི་ཡུལ་སྐོར་འཛད་སྤྱོད་སྐུལ་ཁྲིད་ནུས་ལྡན་བྱས་ཏེ།ཕྱོགས་ཡོངས་དང་རིམ་པ་མང་བའི་འཛད་སྤྱོད་ཚ་རླབས་ཤིག་ཆགས་ཡོད།ཞག་སྡོད་བཟའ་བཏུང་གི་ཁྲོམ་ར་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ། དུས་ཆེན་གལ་ཆེན་རིང་མགྲོན་ཁང་དང་དམངས་སྲོལ་གནས་ཚང་དུ་ཞག་སྡོད་བྱེད་མཁན་གྱི་མགྲོན་པོ་ཧ་ཅང་མང་ལ།ཟ་ཁང་དུའང་མི་ཚོགས་ཀྱིས་ཁེངས་ཡོད།དུས་ཆེན་དང་གུང་གསེང་གི་སྐབས་ཁུལ་ཡོངས་ཀྱི་ཉལ་ཁྲིའི་སྒྲིག་བཀོད་ཆ་སྙོམས་བོགས་གཏོང་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་།སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་མགྲོན་ཁང་རྩེ་གྲ་4000ལྷག་ཙམ་གྱིས་ཞབས་ཞུ་མུ་མཐུད་ལེགས་སུ་བཏང་ནས་ཡུལ་སྐོར་བ་སྣ་མང་ཅན་གྱི་ཞག་སྡོད་དགོས་མཁོ་བསྐངས་ཡོད་པ་རེད།བཟའ་བཏུང་ལས་རིགས་ཀྱིས་བོད་བཟོའི་རྒྱ་ཁོག་སོགས་ཁྱད་ལྡན་ཞིམ་ཟས་བཏོན་ནས་ལྕེ་ཐོག་ཞིམ་ཟས་ཀྱིས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།
ཡུལ་སྐོར་ཟོག་ཉོ་ཡང་སྔར་བཞིན་མང་བ་རེད།ཐང་ག་དང་།སྟོན་པའི་ཤོག་བཟོ་ཐོན་རྫས།ཚགས་ཤ།ནས་ཆང་སོགས་ཁྱད་ལྡན་རིག་གནས་ཐོན་ལས་དང་ཁྱད་ལྡན་ཐོན་ཟོག་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
འགྲིམ་འགྲུལ་འགྲོ་སྐྱོད་ཁྱབ་ཁོངས་སུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས།ཁུལ་ནང་གི་འགྲུལ་སྐྱེལ་བྱེད་ཚད་མངོན་གསལ་དོད་པོས་འཕར་ཡོད་པ་རེད།ཡུལ་སྐོར་བ་ཕྱིར་བསྐྱོད་རྒྱུར་སྟབས་བདེ་ཡོང་ཆེད།བདེ་ཆེན་ཁུལ་གྱིས་རྡོ་མཁར་རྫོང་ནས་པོ་ཏ་མཚོ་དང་།སྟག་མཆོང་གྲོག་རོང་།འབའ་ལྷག་དཀར་རྫོང་སོགས་མཛེས་ལྗོངས་ཁུལ་དུ་ཐད་ཀར་རླངས་འཁོར་ཤར་གཏོང་ཐུབ་པ་དང་།བདེ་ཆེན་གནམ་ཐང་རྒྱས་སྐྲུན་རིམ་སྤོར་བྱས་རྗེས་མཁའ་ལམ་མང་པོ་ཤར་གཏོང་བྱས་ལ།ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་འཁོར་རྒྱུག་བརྟན་པོ་བྱུང་ཡོད།སྟབས་བདེའི་འགྲིམ་འགྲུལ་དྲ་བས་ཡུལ་སྐོར་བ་ཕྱིར་སྐྱོད་འདོད་ཀྱི་འདུན་པ་འཕེལ་བ་མ་ཟད།འགྲིམ་འགྲུལ་འཛད་སྤྱོད་ཀྱང་ཆེས་ཆེར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།ད་ལོའི་དུས་ཚིགས་དང་པོར་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླ་ས་ཚིགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་43སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་42%འཕར་བ།སེམས་ཀྱི་ཉི་ཟླ་ནས་སི་ཁྲོན་ཁྲེང་ཏུའུ་དང་ཡུན་ནན་པའོ་ཧྲན་སོགས་མེ་འཁོར་སྔ་རྗེས་སུ་བཏང་ནས་ས་ཁོངས་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”གསེར་ཡིག་གི་སྒོ་བྱང་གསལ་པོ་ཕྱིས་ཡོད་པ་རེད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱུང་ནས་འཛད་སྤྱོད་ཀྱི་མྱོང་ཚོར་ཆེ་རུ་ཕྱིན་པ།
རང་ཁུལ་གྱིས་དུས་སྟོན་བྱེད་སྒོའི་ཁྲོད་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱས་ཏེ།ཡུལ་སྐོར་ཐོན་རྫས་འདོན་སྤྲོད་རྒྱུན་མཐུད་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།ཡུལ་སྐོར་བའི་འཛད་སྤྱོད་ཉམས་ལེན་མཐོར་འདེགས་བཏང་ཡོད།མཛེས་ལྗོངས་ཁུལ་ཁག་གིས་དམངས་སྲོལ་འཁྲབ་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་རིག་གནས་ཀྱི་གཞི་རྒྱུ་དུས་ཆེན་གྱི་བྱེད་སྒོའི་ནང་གཏིང་ཟབ་ཞུགས་ཡོད་དེ།པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་དཔྱིད་གསར་དུས་ཆེན་རིང་འཁྱགས་ཐོག་ཡུལ་སྐོར་རྣམ་གྲངས་བཏོན་ནས་ས་མཐོའི་འདམ་རའི་གསང་བ་སྒྲོལ་བ་དང་སྣོད་བཅུད་རང་བྱུང་སློབ་གསོའི་བྱེད་སྒོ་སྤེལ་བ།ཁ་བ་དཀར་པོའི་མཛེས་ལྗོངས་ཁུལ་གྱིས་གངས་རིར་གསེར་ཞུན་ལ་བྱང་བུ་རྒྱག་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་།སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་ལྟ་སྐོར་གློག་སྐས་དང་དར་ཚོན་སྣ་ལྔ་ཅན་གྱི་ཅོང་བརྡ་སོགས་རྣམ་གྲངས་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།བྱེད་ཐབས་འདི་དག་གིས་ཡུལ་སྐོར་བས་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་དུ་བཅུག་པ་དང་མཉམ་དུ།བདེ་ཆེན་གྱི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་གོམས་གཤིས་ཉམས་སུ་མྱོང་དུ་བཅུག་ཡོད། ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེང་རུང་གིས་གོམ་སྟབས་རྗེས་མར།རང་ཁུལ་གྱིས་མུ་མཐུད་དུ་དུས་སྟོན་རིག་གནས་ཀྱི་ནང་དོན་སྔོག་འདོན་ཟབ་མོ་དང་།བྱེད་སྒོའི་རྣམ་པ་གསར་གཏོད།ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་ནས།དུས་སྟོན་བྱེད་སྒོ་མུ་མཐུད་ཇེ་ཆེར་བཏང་སྟེ།‘ཟས་གོས་འགྲོ་སྡོད་དང་།ཡུལ་སྐོར།ཉོ་སྒྲུབ།རོལ་རྩེད’བཅས་ཐོན་ལས་སྦྲེལ་ཐག་ཡོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་ཁྲིད་བྱེད་པའི་ཕན་ནུས་དང་།ཡུལ་སྐོར་ཐོན་ལས་དང་ཐོན་ལས་གཞན་དག་མཉམ་འདྲེས་གཏིང་ཟབ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་སྟེ།འཛམ་གླིང་གི་‘སེམས་ཀྱི་ཉི་ཟླ’ནི་ཐོག་མཐའ་བར་གསུམ་དུ་ཡུལ་སྐོར་བའི་ཡིད་སྨོན་བྱེད་སའི་ཡུལ་སྐོར་འཛད་སྤྱོད་བྱེད་གནས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།