རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-22   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ང་ཚོ་མིའི་རྣ་ཅོག་ནང་ཤ་ཕུང་ཕྲ་མོ་ཞིག་ཡོད་པ་དེས་སྐད་སྒྲ་དབང་རྩའི་ཕྲ་ཕུང་ལ་བརྒྱུད་སྤྲོད་བྱེད་པ་དང་དེ་ནས་ཀླད་པར་བརྒྱུད་སྤྲོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ད་གཟོད་ང་ཚོས་འཇིག་རྟེན་ཁམས་ཀྱི་སྐད་སྒྲ་སྣ་ཚོགས་གོ་ཐུབ་པ་མ་ཟད་དབྱེ་འབྱེད་ཀྱང་བྱེད་ཐུབ། སྐྱེ་བོ་ཕལ་པར་ཆ་མཚོན་ན། རྣ་ཅོག་ནང་ཤ་ཕུང་ཕྲ་མོ་15000ཙམ་ཡོད་པ་དེ་དག་གིས་ལོ་ན་རྒན་རྒོན་མ་ཆགས་བར་འདང་གི་ཡོད། འོན་ཀྱང་རྒྱུ་རྐྱེན་གང་རུང་དབང་གིས་ཕྲ་ཕུང་དེ་དག་མེད་པར་གྱུར་ན་ཉན་ནུས་ཇེ་ཞན་དུ་འགྲོ་བའམ་ཡང་ན་རྣ་ཅོག་འོན་པར་འགྱུར་སྲིད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། གོ་ལ་ཧྲིལ་པོར་ལོ་12ནས་35བར་གྱི་གཞོན་ནུའི་ཁྲོད། མི་དུང་ཕྱུར་10ལྷག་ཙམ་ལ་ལྡོག་ཐབས་བྲལ་བའི་ཉན་ནུས་ཉམས་རྒུད་ཀྱི་ཉེན་ཁ་འཕྲད་བཞིན་ཡོད། ནད་ཐོག་སྨན་བཅོས་ཐོག་ནས་ཀྱང་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་འགའི་རིང་རང་རྒྱལ་དུ་ཐོལ་བྱུང་རྣ་བ་འོན་པའི་ནད་འབྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ལོ་གཞོན་རྣམས་ལ་ནད་དེ་འབྱུང་ཚད་ཆེ་བ་ཡོད་པ་རེད།
དེས་ན། ལུས་ཀྱི་དབང་པོ་ལྔ་ཡི་བྱེ་བྲག་རྣ་བ་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ན་གཤམ་གསལ་གྱི་གོམས་གཤིས་ངན་པ་འདི་དག་སྤོངས་དགོས།
1 ཉན་འཕྲུལ་(耳机)ཡུན་རིང་སྤྱོད་རྒྱུ་མེད།
དུས་ཡུན་རིང་པོར་ཉན་འཕྲུལ་སྤྱོད་པ་ནི་གཞོན་ནུ་ཚོའི་ཉན་ནུས་ལ་གནོད་འཚེ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཉན་འཕྲུལ་གང་འདྲ་ཞིག་ཡིན་རུང་བཀོལ་སྤྱོད་དུས་ཡུན་རིང་བ་དང་སྒྲ་ཚད་ཆེ་དྲགས་ན་ཉན་ནུས་ལ་གནོད་པ་བཟོ་སྲིད། དེའི་ཕྱིར། ཉན་འཕྲུལ་སྤྱོད་སྐབས་སྒྲ་ཚད་ཆེ་ཤོས་ཀྱི་60%ལས་བརྒལ་མི་རུང་བ་དང་། བསྟུད་མར་བཀོལ་བའི་དུས་ཚོད་སྐར་མ་60ལས་བརྒལ་མི་རུང་ལ། ཕྱི་རོལ་ཁོར་ཡུག་གི་སྒྲ་ཡག་ཤོས་བྱུང་ན་ཧྥུན་པེ་60ལས་བརྒལ་མི་རུང་། གཞན་ཡང་། ཉིན་རེར་ཉན་འཕྲུལ་སྤྱོད་པའི་སྤྱིའི་དུས་ཡུན་ཆུ་ཚོད་3ནས་4བར་ལས་བརྒལ་མི་རུང་ཞིང་དུས་རྒྱུན་དུ་ཉན་འཕྲུལ་ལ་གཙང་སྦྲ་ཡག་པོ་བྱེད་དགོས།
2 རྣ་བ་ཡང་ཡང་སྔོག་མི་རུང་།
མི་འགའ་ཤས་རྣ་བ་བསྔོག་རྒྱུར་དགའ་པོ་ཡོད། རྣ་སྐྱག་གཙང་སེལ་མ་བྱས་ན་ལུས་པོ་མི་བདེ་བར་སྣང་། དོན་དངོས་སུ། རྣ་སྐྱག་ལ་བཟང་ཆ་མེད་པ་ཞིག་མིན་ཏེ། འབུ་ཕྲ་དང་། ནད་དུག ཕྱི་དངོས་འཛུལ་བ་སོགས་འགོག་ཐུབ་ལ་རྣ་བའི་རྔ་སྐྱི་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད། སྤྱིར་བཏང་བྱས་ན་ནམ་རྒྱུན་རྣ་སྐྱག་རང་བཞིན་ངང་ཕྱིར་འབུད་བྱེད་ཐུབ། མི་ལ་ལས་གཙང་སྦྲའི་ཆེད་དུ་ཡང་ཡང་རྣ་བ་སྔོག་གི་ཡོད་པ་དེས་རྣ་ལམ་ཕྱིའི་རྒྱུན་ལྡན་གྱི་ཁོར་ཡུག་ཕྲ་མོར་གཏོར་བཤིག་བཏང་ནས་ཕྱིའི་རྣ་ལམ་ལ་གཉན་ཚད་བྱུང་བ་སོགས་ཀྱི་རྐྱེན་པས་རྣ་བའི་ཉན་ནུས་ཇེ་ཞན་དུ་འགྲོ་ཡི་ཡོད། གལ་ཏེ་རྒྱུ་མཚན་གཞན་དག་དབང་གིས་ཉན་ནུས་ཇེ་ཞན་དུ་འགྲོ་བའི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་སྨན་ཁང་དུ་བསྐྱོད་ནས་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས།
3 ལག་ཟུང་གིས་སྣ་བཙིར་ནས་སྣབས་ལུད་འབུད་མི་རུང་།
སྣབས་ལུད་འབུད་སྐབས། སྣ་ཁུང་གཉིས་མཉམ་དུ་ཤུགས་རྒྱག་མི་རུང་ཞིང་། དེ་ལྟར་བྱས་ན་ཉན་ནུས་ཇེ་ཞན་དུ་འགྲོ་སྲིད། གང་ལགས་ཤེ་ན། ང་ཚོའི་རྣ་བ་དང་སྣའི་བར་དུ་གྲེ་བའི་སྦུ་གུ་ཞེས་པའི་རྒྱུ་ལམ་ཞིག་ཡོད། ཤུགས་ཆེན་པོས་སྣབས་ལུད་འབུད་སྐབས། སྣ་ཁུང་ནང་གནོན་ཤུགས་ཆེན་པོ་ཕོག་གི་ཡོད། གལ་ཏེ་དུས་མཚུངས་སུ་ལག་པ་གཉིས་ཀྱིས་སྣ་ཁུང་ངོས་གཉིས་ཤུགས་ཀྱིས་བཙིར་ནས་སྣབས་ལུད་འབུད་ན། གནོན་ཤུགས་དེ་རིགས་སྣ་ཁུང་ནས་དོན་མི་ཐུབ་པར་གྲེ་རྔའི་སྦུ་གུ་བརྒྱུད་དེ་རྣ་དཀྱིལ་དུ་འཛུལ་ནས་རྣ་དཀྱིལ་གཉན་ཚད་འབྱུང་སྲིད་ལ། དེ་མིན། རྣ་བའི་བར་སྐྱི་བརྡོལ་ནས་ཉན་ནུས་ལ་གནོད་པ་བཟོ་སྲིད། གནས་ཚུལ་དེ་རིགས་ཕྲུ་གུར་འཕྲད་སླ་བས། དུས་རྒྱུན་སྣབས་ལུད་ཕྱིས་སྐབས་ཤུགས་ཆེན་པོས་སྣ་ཁུང་གཉིས་མཉམ་དུ་བཙིར་མི་རུང་།
4 རྒྱུན་དུ་མཚན་འཁྱོངས་གཏོང་རྒྱུ་མེད།
དུས་ཡུན་རིང་པོར་མཚན་འཁྱོངས་བཏང་ན་རྣ་ཅོག་ནང་གི་ཁྲག་རྩ་འདར་ཏེ། རྣ་འཁྱིལ་ནང་གི་ཐོས་ཚོར་བྱེད་ནུས་ལ་འགན་འཁུར་བའི་ཤ་ཕུང་ཕྲ་མོ་དང་། དབང་རྩའི་ཕྲ་ཕུང་། དབང་རྩའི་ཚི་སྣ་བཅས་ལ་ཤུགས་རྐྱེན་ཐེབས་ནས་རྣ་བའི་ཉན་ནུས་གློ་བུར་དུ་ཇེ་ཞན་དུ་འགྲོ་སྲིད། ད་དུང་མཚན་འཁྱོངས་བཏང་དྲགས་ན་རིམས་ཐར་མ་ལག་གི་བྱེད་ནུས་ཇེ་ཞན་དུ་ཕྱིན་ནས་ལུས་ཕུང་ལ་ནད་དུག་དང་འབུ་ཕྲའི་འགོས་ནད་ཕོག་སླ་བ་དང་། ནད་དུག་དེ་དག་གིས་རྣ་འཁྱིལ་ལ་ཐད་ཀར་ཤུགས་རྐྱེན་ཕོག་སྟེ་གློ་བུར་དུ་རྣ་བ་འོན་སྲིད། གནས་ཚུལ་དེ་འདྲ་འཕྲད་སྐབས་ལམ་སེང་སྨན་བཅོས་བྱེད་དགོས་ཤིང་། སྨན་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་ནི་སྤྱིར་བཏང་བྱས་ན་ནད་བྱུང་རྗེས་ཀྱི་ཉིན་3ནས་5བར་ཡིན། ཉན་ནུས་ཉམས་པའི་མི་ཚོགས་ལ་མཚོན་ན། སྨན་པའི་མཛུབ་སྟོན་འོག་ཉན་ནུས་འཕྲུལ་ཆས་རྣ་འཁྱིལ་ནང་དུ་འཇུག་དགོས། །