ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-06-21   རྩོམ་ཁུངས།    ཁམས་པའི་དྲ་བ།

        གསར་བརྗེ་ཆེན་པོའི་ཆགས་འཇིག་གི་གནད་འགག་གི་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས1927ལོའི་ཟླ4པའི་ཚེས27ནས་ཟླ5པའི་ཚེས9བར་ཝུའུ་ཧན་ནས་ཐེངས་ལྔ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོགས། ཚོགས་ཆེན་ལ་ཞུགས་མཁན་འཐུས་མི82དང་ཏང་ཡོན57967གྱི་ཚབ་བྱས་པ་རེད། ལུའོ་དབྱི་དང་ཏུའོ་ལི་ཨའོ།ཝེ་ཅིན་སི་ཅི་བཅས་ལས་གྲུབ་པའི་གུང་ཁྲན་རྒྱལ་སྤྱིའི་འཐུས་མི་ཚོགས་པ་ཚོགས་ཆེན་ལ་ཞུགས། ཐན་ཡན་ཁའེ་དང་། ཞུས་ཆན། སུན་ཁོ་བཅས་ལས་གྲུབ་པའི་གོ་མིན་ཏང་གི་འཐུས་མི་ཚོགས་པ་ཚོགས་འདུར་རྟེན་འབྲེལ་ཞུ་བར་ཡོང་ཡོད། ཚོགས་འདུ་མ་འཚོགས་གོང་གུང་ཁྲན་རྒྱལ་སྤྱིས་མཛུབ་སྟོན་གནང་ནས་ཀྲུང་གུང་ཚོགས་ཆེན་ཐེངས་ལྔ་པའི་ཆབ་སྲིད་ཀྱི་གྲོས་ཆོད་ཡོད་ཚད“གུང་ཁྲན་རྒྱལ་སྤྱིའི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཀྲུང་གོའི་གནད་དོན་སྐོར་གྱི་གྲོས་ཆོད་གཞི་འཛིན་སར་བྱ་དགོས”ཞེས་བླང་བྱ་བཏོན་པ་རེད།

        ཁྲེན་ཏུའུ་ཞིའུ་ཡིས་སྐབས་བཞི་པའི་ཀྲུང་དབྱང་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ《ཆབ་སྲིད་དང་རྩ་འཛུགས་སྐོར་གྱི་སྙན་ཞུ》ཕུལ། སྙན་ཞུ་དེ་ཀྲུང་གོའི་གྲལ་རིམ་ཁག་དང་། ས་ཞིང་། འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་དང་དམག་དོན། གོ་གུང་ཏང་གཉིས་ཀྱི་འབྲེལ་བར་མགོ་ཁྲིད་བྱེད་པ་སོགས་གནད་དོན11ལ་འབྲེལ་བ་ཡོད་ཅིང་། ཡང་དག་པའི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་མེད་ལ། དུས་བབ་སྐྱོབ་པའི་ཐབས་ཇུས་ཀྱང་བཏོན་མེད་པར་མ་ཟད། དེ་ལས་ལྡོག་སྟེ་མུ་མཐུད་དུ་ནོར་འཁྲུལ་གྱི་འདོད་ཚུལ་ཁ་ཤས་བཏོན་པ་རེད།

        ཚོགས་འདུ་མ་འཚོགས་གོང་ཆུས་ཆིའུ་པའེ་ཡིས1927ལོའི་ཟླ2པར་ཁྲེན་ཏུའུ་ཞིའུ་དང་ཕེང་ཧྲུའུ་ཀྲི་སོགས་ཀྱི་སྐབས་འཚོལ་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་དམིགས་ནས《ཀྲུང་གོའི་གསར་བརྗེའི་ཁྲོད་ཀྱི་རྩོད་གླེང་གི་གནད་དོན》ཞེས་པའི་དེབ་ཅིག་བྲིས་ཏེ་འབྱོར་མེད་གྲལ་རིམ་གྱིས་འབྱོར་ལྡན་གྲལ་རིམ་དང་མགོ་ཁྲིད་དབང་ཆ་འཕྲོག་རྩོད་བྱེད་པའི་གནད་དོན་དང་། དེ་བཞིན་ཞིང་པའི་ས་ཞིང་དང་དྲག་པོའི་འཐབ་རྩོད་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་རྒྱས་བཤད་བྱས་པ་རེད། ཚོགས་འདུའི་ཐོག་ཁོང་གིས་འཐུས་མི་ཚོར་དེབ་དེ་སྤྲད་པ་རེད། འཐུས་མི་ཁ་ཤས་ཀྱིས་ཆུས་ཆིའུ་པའེ་ཡི་གསུང་རྩོམ་ནང་གི་ལྟ་བར་ཡིད་མཐུན་བྱས་ནས་ཁྲེན་ཏུའུ་ཞིའུ་དང་ཕེང་ཧྲུའུ་ཀྲི་གཉིས་ཀྱི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱས་པ་རེད། ཁྲེན་ཏུའུ་ཞིའུ་ཡིས་ཀྱང་ཚོགས་འདུའི་ཐོག་ཏུ་ནོར་འཁྲུལ་ཁ་ཤས་ཁས་མི་ལེན་རང་ལེན་བྱུང་ཡོད། འོན་ཀྱང་ཚོགས་ཆེན་གྱིས་དེའི་ཐད་གྲོས་བསྡུར་བྱ་རྒྱུར་མཐོང་ཆེན་དེ་ཙམ་བྱེད་ཀྱི་མེད།

        ཚོགས་ཆེན་ཐོག《ཆབ་སྲིད་ཀྱི་གནས་བབ་དང་ཏང་གི་ལས་འགན་གྲོས་ཐག་བཅད་པའི་གྲོས་གཞི》ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ཀྱིས་ཕྱོགས་གཅིག་ནས་ཅང་ཅེ་ཧྲིས་ངོ་ལོག་བྱས་པ་དེ་འབྱོར་ལྡན་གྲལ་རིམ་ཧྲིལ་པོས་ངོ་ལོག་བྱས་པ་དང་། མི་རིགས་འབྱོར་ལྡན་གྲལ་རིམ་དེ་གསར་བརྗེ་བྱ་ཡུལ་དུ་བརྩིས་པས། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་གཉིས་ཀྱི་དབྱེ་མཚམས་ཉོག་བསྲེས་བྱས་པ་རེད། ཕྱོགས་གཞན་ཞིག་ནས་ཝང་ཅིན་ཝེ་དང་ཐང་ཧྲེན་ཀྲི་གཉིས་ཀྱིས་ཁ་ལོ་བསྒྱུར་བའི་ཝུའུ་ཧན་སྲིད་གཞུང་དེ་བཟོ་པ་དང་། ཞིང་པ། འབྱོར་ཆུང་གྲལ་རིམ་བཅས་ཀྱི་མནའ་འབྲེལ་ཞིག་ཏུ་བརྩིས་པ་དང་། ཝང་ཅིན་ཝེ་དང་ཐང་ཧྲེང་ཀྲི་བཅས་ལ་སྔར་བཞིན་སྟོང་བསམ་ཆེན་པོ་བཅངས་ཡོད་ཅིང་། ཁོ་ཚོས་གསར་བརྗེར་མངོན་གསལ་དུ་ངོ་ལོག་བྱེད་པའི་ཉེན་ཁ་ཚབས་ཆེན་ལ་ངོས་འཛིན་གསལ་པོ་དང་བསམ་པའི་གྲ་སྒྲིག་འདང་ངེས་ཤིག་བྱས་མེད་པ་རེད།

        ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《ས་ཞིང་གནད་དོན་གྱི་གྲོས་ཐག་བཅད་པའི་གྲོས་གཞི》ཡི་ནང“བཤད་རྒྱུ་ཅི་ཡང་མེད་པར་རྨོ་ཞིང་ཞིང་པར་བརྒྱུད་སྤྲོད་བྱེད་པའི”ས་ཞིང་གསར་བརྗེའི་རྩ་དོན་ཁས་བླངས་མོད། འོན་ཀྱང་ས་ཞིང་གསར་བརྗེ་མངོན་འགྱུར་བྱེད་པའི་རེ་བ་ཝུའུ་ཧན་རྒྱལ་དམངས་སྲིད་གཞུང་ལ་བཅོལ་བས། གྲོས་འཆམ་བྱུང་བའི་ས་ཞིང་གནད་དོན་གྱི་གྲོས་ཆོད་དེ་གོ་མི་ཆོད་པའི་གཞུང་ཡིག་ཅིག་ཏུ་གྱུར་པ་རེད།

        ཚོགས་ཆེན་གྱིས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཤིང་། ཨུ་ཡོན་ངོ་མ31དང་རྗེས་སྣོན་ཨུ་ཡོན14ཡིས་གྲུབ་པ་རེད། དེ་རྗེས་སྐབས་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཁྲེན་ཏུའུ་ཞིའུ་དང་། ཚའེ་ཧོ་སེན། ལི་ཝེ་ཧན། ཆུས་ཆིའུ་པའེ། ཀྲང་གོ་ཐའོ། ཐན་ཕིན་ཧྲན། ལི་ལི་སན། ཀྲོའུ་ཨེན་ལའེ་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། སུའུ་ཀྲའོ་ཀྲེན་དང་ཀྲང་ཐའེ་ལེ་བཅས་རྗེས་སྣོན་ཨུ་ཡོན་དུ་འདེམས་བསྐོ་བྱས་པ་དང་། ཁྲེན་ཏུའུ་ཞིའུ་དང་། ཀྲང་གོ་ཐའོ། ཚའེ་ཧོ་སེན(རྗེས་སུ་ཆུས་ཆིའུ་པའེ་དང་ཐན་ཕིན་ཧྲན་ཁ་གསབ་བྱས)ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན(ཀྲོའུ་ཨེན་ལའེ་ཡིས་རྒྱུན་ལས་ཨུ་ཡོན་གྱི་ལས་ཚབ་བྱེད་མྱོང)དང་། ཁྲེན་ཏུའུ་ཞིའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བ་རེད། ཀྲང་གོ་ཐའོ་དང་། ཚའེ་ཧོ་སེན། ཀྲོའུ་ཨེན་ལའེ། ལི་ལི་སན། ཐན་ཕིན་ཧྲན་བཅས་སོ་སོས་རྩ་འཛུགས་དང་དྲིལ་བསྒྲགས། དམག་དོན། བཟོ་པ། ཞིང་པ་བཅས་ཀྱི་པུའུ་ཡི་འགོ་འཛིན་གྱི་འགན་བཞེས། ཚོགས་ཆེན་དེ་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོར་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། དངོས་གཞིའི་ཨུ་ཡོན7དང་རྗེས་སྣོན་ཨུ་ཡོན3གྱིས་གྲུབ་པ་རེད།

        ཏང་གི་ཚོགས་ཆེན་ཐེངས་ལྔ་པ་ནི“བཞི·གཅིག་གཉིས”གསར་བརྗེར་ངོ་རྒོལ་གྱི་སྲིད་འགྱུར་བྱུང་ནས་ཟླ་ཕྱེད་ཙམ་ལས་སོང་མེད་པའི་དུས་སྐབས་སུ་འཚོགས་པ་རེད། ཏང་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཁྲལ་ཆེ་ཤོས་དང་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ནི་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་ཡང་དག་ཇི་ལྟར་བྱ་རྒྱུ་དང་ཇི་ལྟར་བྱས་ནས་ཉེན་ཁའི་ཁྲོད་ནས་གསར་བརྗེ་སྐྱོབ་རྒྱུ་དེ་ཡིན། ད་རེས་ཀྱི་ཚོགས་ཆེན་ཐོག་འབྱོར་མེད་གྲལ་རིམ་གྱིས་གསར་བརྗེར་མགོ་ཁྲིད་བྱེད་པའི་དབང་ཆ་བརྩོན་ལེན་དང་། གསར་བརྗེའི་དམངས་གཙོའི་སྲིད་དབང་འཛུགས་པ། ས་ཞིང་གསར་བརྗེ་བྱེད་པ་བཅས་ཀྱི་རྩ་དོན་ཡང་དག་པ་ཁ་ཤས་བཏོན་ཡོད། འོན་ཀྱང་འབྱོར་མེད་གྲལ་རིམ་གྱིས་ཇི་ལྟར་བྱས་ནས་གསར་བརྗེའི་མགོ་ཁྲིད་དབང་ཆ་བརྩོན་ལེན་བྱེད་རྒྱུ་དང་། ཇི་ལྟར་བྱས་ནས་ཞིང་པར་མགོ་ཁྲིད་བྱས་ཏེ་ས་ཞིང་གསར་བརྗེ་བྱེད་རྒྱུ། ཇི་ལྟར་བྱས་ནས་ཝུའུ་ཧན་རྒྱལ་དམངས་སྲིད་གཞུང་དང་གོ་མིན་ཏང་དང་། ལྷག་པར་དུ་ཏང་གིས་མགོ་ཁྲིད་བྱེད་པའི་གསར་བརྗེའི་དྲག་དཔུང་ཇི་ལྟར་འཛུགས་རྒྱུ་སོགས་ཀྱི་གནད་དོན་ཐད་ལའང་ནུས་པ་ལྡན་པའི་བྱེད་ཐབས་ཞིབ་ཕྲ་བཏོན་མེད་པ་རེད། དེ་འདྲ་བྱས་ན་གསར་བརྗེ་སྐྱོབ་པའི་ལས་འགན་སྒྲུབ་ཁག་པོ་ཡིན་པ་སྨོས་མེད་རེད།