【“ལོ་ལྔ་ཚན་བཅུ་བཞི་པ”ལས་རྣམ་པར་རྒྱལ་ནས་སྐས་རིམ་གསར་པར་སྐྱོད། 】“མྱུར་ཚད་གསར་པས་”མཆོང་སྐྱོད་ཆེན་པོར་སྣེ་ཁྲིད་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲི་ཆུའི་ཟམ་ཆེན་ནི་ཐང་ལ་ཉལ་བའི་འབྲུག་ཆེན་ཞིག་དང་འདྲ་ལ། སྤྱི་ལེ་80ཡི་མྱུར་ཚད་ཀྱིས་སྨི་1017ཡོད་པའི་ཟམ་ཆེན་དེར་བརྒལ་ན་སྐར་མ་1དང་སྐར་ཆ་17ལས་མི་དགོས། མི་རིང་བའི་སར“ལྕགས་ལམ་གྱི་འཇའ་ཚོན”གཞན་ཞིག་སྟེ།ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་ཐོག་སྒུལ་འཁོར་གྱིས་ཆུ་ཚོད་རེར་སྤྱི་ལེ་140ཡི་མྱུར་ཚད་ཐོག་ནས་བསྐྱོད་ཚེ་ལམ་ཐག་ཧྲིལ་པོར་སྐར་ཆ་22ལས་འགོར་གྱི་མེད།སྐར་མ་1ལྷག་ཙམ་ནས་སྐར་ཆ་22བར་གྱི་གྲངས་འཛིན་འགྱུར་ལྡོག་ལས་བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི”རིང་འགྲིམ་འགྲུལ་འཕེལ་རྒྱས་ཀྱི“མྱུར་ཚད་གསར་པ”མངོན་ཡོད་པ་རེད།

    མྱུར་བགྲོད་རི་སྐོར་བརྒྱབ་ནས་བདེ་ཆེན་གྱིས་“ཆུ་ཚོད་གཅིག་གི་དཔལ་འབྱོར་འཁོར་རྒྱར”སླེབས་པ།

    2021ལོའི་ཟླ་9པའི་ཚེས་29ཉིན“མཛེས་པའི་སྤྲིན་གསེབ་ལྕགས་ལམ”ཞེས་པའི་མིང་བསྩལ་བའི་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་བདེ་ཆེན་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།

    གངས་རི་དང་གྲོག་རོང་། རྩྭ་ཐང་གཞི་གཅིག་ཏུ་འབྲེལ་བའི་འགྲིམ་འགྲུལ་གྱི“འཕར་རྩ་ཆེན་པོ”དེས་བདེ་ཆེན་དང་ཕྱི་རོལ་གྱི་ཡུལ་དུས་ཀྱི་བར་ཐག་ཉེ་རུ་བཏང་བ་མ་ཟད།འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཀྱང་འཕེལ་བ་རེད།གྲངས་གཞི་ལས་མངོན་གསལ་ལྟར་ན། མིག་སྔའི་བར།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབབ་ཚུགས་བརྒྱུད་པའི་སྤྱིའི་རླངས་འཁོར་འགྲོ་ཚད་ཁྲི་2012.8068ཟིན་ཡོད། འདིའི་ཁྲོད་2024ལོར་འབབ་ཚུགས་བརྒྱུད་པའི་རླངས་འཁོར་འགྲོ་ཚད་ཁྲི་489.5542ཟིན་པ་དེ་2021ལོའི་ལོ་འགོར་ཤར་གཏོང་ཐུབ་ཚད་དང་བསྡུར་ན་50%ཙམ་འཕར་ཡོད་པ་རེད།མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་རང་ཁུལ་དང་ཡུན་ནན་གྱི་གྲོང་ཁྱེར་གཞན་དག་དང་འདྲེས་པའི་དུས་ཚོད་དེ་སྔའི་ཆུ་ཚོད་6ནས་ཆུ་ཚོད་3དང་སྐར་མ་15ཙམ་བར་ཐུང་དུ་ཕྱིན་ཏེ་ཡུན་ནན་གྱི་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་དང་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།

 “གཞུང་ལམ་གྲོང་ཚོར་ཤར་གཏོང་ཐུབ་པ་དང་།རླངས་འཁོར་སྒོ་འགྲམ་དུ་གཏོང་ཐུབ་པའི”མང་ཚོགས་ཀྱི་རེ་སྒུག་མངོན་འགྱུར་བྱུང་ཡོད།མིག་སྔའི་བར་ཁུལ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་9228.261ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་སྤྱི་ལེ་742.861འཕར་བ་དང་བསྡུར་ན་8.75%འཕར་ཡོད་པ་རེད། འབའ་ལུང་ནས་ཐུང་ཏན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དང་ཉི་ཤར་ནས་མཐའ་ཆུ་བར་གྱི་རིམ་པ་གཉིས་པ་སོགས་གཙོ་གནད་ལས་གྲྭ་ཁག་གཅིག་སྔ་རྗེས་སུ་བསྐྲུན་ཟིན་པ་དང་། ཤང་གྲོང་29ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོ197ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་པ། མཁྲེགས་འགྱུར་ལམ་བུ་ནི་ཁྲག་རྩ་ཕྲ་མོ་ལྟར་རི་ཁུལ་དུ་སྣུར་སྲིང་བྱས་ཡོད།

     འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དེས“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར”འགྱུར་ལྡོག་གསར་པ་བྱུང་ཡོད། “དེ་སྔོན་ལམ་ཡག་པོ་མེད་པ་དང་ཡུལ་སྐོར་བ་ཡོང་ཡང་སྡོད་ཐབས་བྲལ། ད་ཆ་སྒེར་འཁོར་བཏང་ནས་ཐད་ཀར་གྲོང་ཚོར་ཐོན་ཐུབ། ན་ནིང་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་40%མང་དུ་ཕྱིན་ཡོད་ཅེས་གྲོང་མི་ཧོ་ཧྲུན་ཆོན་གྱིས་ངོ་སྤྲོད་བྱས་པ་དང་།ཁོང་གིས་གྲོང་ཚོས་སྟབས་བདེའི་འགྲིམ་འགྲུལ་གསར་གཏོད་ལ་བརྟེན་ནས་ཕ་མ་དང་བུ་ཕྲུག་གི་ཞིབ་འཇུག་སློབ་སྦྱོང་དང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཀྱི་རྣམ་གྲངས་བཏོན་ཏེ་ཡུལ་སྐོར་བའི་ཡིད་དབང་འགུག་ཡོད་ཅེས་ངོ་སྤྲོད་བྱས་ཡོད།

     དེ་ལས་གཞན། བདེ་ཆེན་འགྲུམ་འགྲུལ་སྐྱེལ་འདྲེན་ཚོགས་པས་དུས་དང་བསྟུན་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་ནས་པོ་ཏ་མཚོ་དང་སྨན་རི་སོགས་མཛེས་ལྗོངས་ཁུལ་དུ་ཐད་ཀར་རླངས་འཁོར་ཤར་གཏོང་ཐུབ་པ་དང་།རླངས་འཁོར་ཁྱབ་ཚད་80%ལྷག་ཙམ་ཟིན་པ་དང་།ཡུལ་སྐོར་རླངས་འཁོར་གཙང་གླས་ཁེ་ལས་8ནས་22བར་མང་དུ་ཕྱིན་པ།“ཡུལ་སྐོར་དལ་སྐྱོད”ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་ཡོད་པ་རེད།

    སྒུལ་འཁོར་ནི་གངས་ལྗོངས་བརྒལ་ནས་སྒུལ་འཁོར་དུས་རབས་སུ་སླེབས་པ།

    2023ལོའི་ཟླ་11ཚེས་26ཉིན“བསྐྱར་དར་རྟགས་ཅན”གྱི་སྒུལ་འཁོར་དལ་གྱིས་སེམས་ཀྱི་ཉི་ཟླའི་འབབ་ཚུགས་སུ་བསྐྱོད་པ་དང་ཆབས་ཅིག་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་བདེ་ཆེན་འདི་ཉིད་སྒུལ་འཁོར་གྱི་དུས་རབས་སུ་སླེབས་ཡོད།  འཕྲེད་གཅོད་རི་ཁུལ་གྱི་ལྟེ་བའི་ཁུལ་སྒྲོལ་བའི“ཡུན་ལིན་ལྕགས་ལམ”དེས་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་འགྲུལ་བཞུད་དུས་ཚོད་ཆུ་ཚོད་1དང་སྐར་མ་10བར་ཐུང་དུ་བཏང་བ་དང་། ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་འགྲུལ་བཞུད་དུས་ཚོད་ཆུ་ཚོད་5ཙམ་རིང་ཐུང་དུ་བཏང་ཡོད།2025ལོའི་ཟླ་དང་པོ་ནས་དགུ་པའི་བར་ས་དམ་ནས་སེམས་ཀྱི་ཉི་ཟླ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་323.89ཙམ་འབྱོར་ཕེབས་བྱས་པ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་107.3ཙམ་ཟིན་ཡོད་པ་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་འགྲུལ་པ་སྐྱེལ་འདྲེན་བྱེད་ཐུབ་པ་མ་ཟད།དངོས་ཟོག་སྐྱེལ་འདྲེན་བྱེད་མགྱོགས་སུ་འགྲོ་རྒྱུར་དེ་བས་སྟབས་བདེ་བྱུང་ཡོད། ད་ལོ་ཚུན་དུ་ཡང་ཐང་ལྕགས་ལམ་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་ཀྱི་ཟངས་གཏེར་སྤུས་ལེགས་རླངས་འཁོར་3087དང་ཏུན་ཁྲི་20ཙམ་ཟིན་ཡོད་པ་དང་།འཁོར་སྒྲོམ་13307འདོན་འཇུག་བྱས་པ་དེ་2024ལོ་ལས་ལྡབ་ཁ་ཤས་འཕར་ཡོད་ཅེས་ཁུན་མིང་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ཀྱི་ཡང་ཐང་ལས་གཉེར་ཁང་གི་དངོས་ཟོག་སྐྱེལ་འདྲེན་པ་དབྱང་ཡུན་ལུང་གིས“དེ་སྔོན་གཞུང་ལམ་ལ་བརྟེན་ནས་ཟངས་གཏེར་སྤུས་ལེགས་དབོར་འདྲེན་བྱེད་ཀྱི་ཡོད།སྐྱེལ་འདྲེན་གྱི་མ་གནས་མཐོ་པོ་ཡོད་པ་མ་ཟད། གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་སླ་པོ་ཡོད།ད་ལྟ་མེ་འཁོར་གཅིག་ནང་ཏུན་བརྒྱ་ཕྲག་ཁ་ཤས་སྐྱེལ་འདྲེན་བྱེད་ཐུབ་ཀྱི་ཡོད་པས་མ་གནས་དམའ་རུ་ཕྱིན་པ་མ་ཟད།ད་དུང་སྐྱེལ་འདྲེན་གྱི་གོ་ཆོད་ཡུན་ཚད་འགན་ལེན་ཐུབ་ནས་ས་གནས་དེ་གའི་ཐོན་ཁུངས་གང་མགྱོགས་ཕྱི་ཕྱོགས་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཡོད་ཅེས་བཤད་བྱུང་།

    ཡང་ཐང་ས་ཚིགས་ཀྱིས་སྒོའི་ཁ་གཏད་ཀྱི་ཟོག་འགྲེམས་ཞབས་ཞུར་བརྟེན་ནས་རྡོ་སོལ་དང་གྲོ་སོགས་དངོས་ཟོག་ས་མཐོར་དབོར་གྱི་ཡོད་པ་དང་ས་མཐོའི་བེ་ཤ་དང་ཚགས་ཤ་སོགས་ཁྱད་ལྡན་ཐོན་ཟོག་རྒྱལ་ཡོངས་སུ་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད།ལྕགས་ལམ་དང་ཡུལ་སྐོར་མཉམ་འདྲེས་དེ་ཡུན་ནན་ནུབ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་གྲོང་གསེབ་དར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ཡོད།

    གླག་རྒོད་ཀྱིས་གཤོག་པ་བརྐྱངས་ནས་མཐོ་སྒང“འཛམ་གླིང་གར་སྟེགས”དང་སྦྲེལ་མཐུད་བྱས་པ།

    “ལོ་ལྔ་ཚན་བཅུ་བཞི་པའི་”རིང་།སེམས་ཀྱི་ཉི་ཟླའི་གནམ་ཐང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་མཁའ་ལམ་དྲ་རྒྱ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད།མིག་སྔར་ཁུན་མིང་དང་།ཁྲེང་ཏུའུ།ལྷ་ས།ཀོང་ཀྲོའུ།ཧྲེན་ཀྲེན།ཧྲང་ཧའེ།ཁྲུང་ཆིང་།པེ་ཅིང་སོགས་ས་ཆའི་མཁའ་ལམ་14རུ་ཤར་གཏོང་བྱས་པ་དང་། དངོས་ཟོག་སྐྱེལ་འདྲེན་གྱི་མཁའ་ལམ་དེ་བདེ་ཆེན་ནས་ཁུན་མིང་དང་། དེ་ནས་ཨེ་ཀྲུའུ་བར་གྱི་ལམ་ཐིག་བརྟན་པོའི་ངང་གཉེར་སྐྱོང་བྱས་ཡོད།གྲངས་གཞི་ལས་མངོན་པར།“ལོ་ལྔ་ཚན་བཅུ་བཞི་པའི”རིང་།གནམ་ཐང་གིས་སྔོན་དཔག་བྱས་ན་དུས་གཏན་གནམ་གྲུ་ཐེངས་22674སྐྱེལ་འདྲེན་བྱེད་རྒྱུ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་182.47དང་།དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་འདྲེན་བྱེད་ཚད་ཏུན་5738.8ཟིན་རྒྱུ་རེད།

བེ་ཤའི་སྐྱེལ་འདྲེན་གྱི་འགག་གནད་སྒྲོལ་བ་དེ་གནམ་ཐང་གི་དངོས་ཟོག་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་གསོན་ཉམས་དོད་ཤོས་ཤིག་ཏུ་གྱུར་ཡོད།སེམས་ཀྱི་ཉི་ཟླ་གནམ་ཐང་དང་ཡུན་ནན་ཧྲུན་ཧྥེང་མྱུར་འདྲེན་ཚད་ཡོད་ཀུང་སིས་མཉམ་ལས་དམ་ཟབ་བྱས་ཏེ། 2021ལོར་བེ་ཤ་ཟོག་འདྲེན་གནམ་གྲུའི་མཁའ་ལམ་ཤར་གཏོང་བྱས་པ་ནས་ད་བར།བེ་ཤ་ཟོག་འདྲེན་གནམ་གྲུ་ཐེངས་294འབབ་འཕར་འགན་ལེན་བྱས་པ་དང་།གྲུ་ཁར་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་2385.3ལེགས་གྲུབ་ཟིན་པ་དེའི་ནང་བེ་ཤའི་སྐྱེལ་འདྲེན་བྱེད་ཚད་ཏུན་1693.794ཟིན་པ་དེས་བསྡུར་ཚད་71.01%བཟུང་ཡོད།དེའི་ཁར་འགྲུལ་སྐྱེལ་གནམ་གྲུ་ཐེག་ཚད་ཏུན་1105.125བསྣན་ན།ལོ་5ཡི་རིང་ཁྱོན་བསྡོམས་བེ་ཤ་ཏུན་2798.919སྐྱེལ་འདྲེན་བྱས་ཡོད།

མཁའ་འགྲུལ་ཟོག་འགྲེམས་ཀྱི་རིམ་པ་འཕར་བས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་འཛམ་གླིང་གི་ཕྱོགས་སུ་འགྲོ་རུ་བཅུག་ཡོད། ཉི་ཤར་གྱི་རྫ་ནག་གི་རྒྱུན་འཛིན་པ་བློ་བཟང་ཕུན་ཚོགས་ཀྱིས་ཐོན་རྫས་སྐྱེལ་འདྲེན་ལ་སེམས་ཁྲལ་བྱེད་མི་དགོས་པ་སྟེ། སྔོན་ཆད་རྫ་ནག་ཕྱི་རུ་སྐྱེལ་བསམ་ན་སྔོན་ལ་ཁུན་མིང་དུ་སྐྱེལ་རྗེས་ཡང་གནམ་གྲུ་བརྗེ་དགོས་པས་ཆག་སྐྱོན་བྱུང་ཚད་མཐོ། ད་ལྟ་ས་གནས་འདི་གའི་གནམ་ཐང་ནས་ཐད་ཀར་པེ་ཅིན་དང་ཧྲང་ཧའེ། ཀོང་ཀྲུའོ། ཧྲེན་ཀྲེན་སོགས་གྲོང་ཁྱེར་ལྟེ་བ་རུ་སྐྱེལ་ཐུབ་པས། ཚོང་ཟོག་མངག་ཐོ་སྔོན་ཆད་ལས་30%མང་དུ་ཕྱིན་ཞེས་བཤད། སེམས་ཀྱི་ཉི་ཟླའི་གནམ་ཐང་གི་འགན་འཁུར་པས་དུས་རིམ་རྗེས་མར་ད་དུང་ཟོག་འདྲེན་གྱི་ལམ་ཐིག་མང་དུ་བཏང་སྟེ། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་དང་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་བས་མང་པོ་འཛམ་གླིང་ཡོངས་སུ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    ལངས་གཟུགས་འགྲིམ་འགྲུལ་དྲ་བ།  མི་རིགས་ཁག་གི་བུ་ཕྲུག་གིས་འཚོ་བ་གསར་པ་གཏོང་འགོ་ཚུགས།

    ལྕགས་ལམ་དང་གཞུང་ལམ། མཁའ་ལམ་བཅས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་ཆགས་ཏེ། ཕྱོགས་སོ་སོ་ནས་བདེ་ཆེན་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལ་ཕན་ཐོགས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དམངས་འཚོ་ལ་ཕན་དུ་བཅུག   སྨན་བཅོས་མངའ་ཁོངས་སུ། འགྲིམ་འགྲུལ་སྟབས་བདེ་འགྱུར་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་མ་གནས་དམའ་རུ་ཕྱིན། ཞིང་ཆེན་རིམ་གྱི་ཀ་གསུམ་རིམ་པའི་སྨན་ཁང་གིས་རིགས་གཅིག་མཁས་པ་མངགས་ནས་བཅའ་སྡོད་བྱེད་པའི་གཞི་གྲངས་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་ལས་མངོན་གསལ་འཕར་སྣོན་བྱུང་མེད་ཀྱང་། ས་གནས་འདི་གའི་སྨན་བཅོས་ལག་རྩལ་དང་ཞབས་ཞུ་ཆུ་ཚད་མཐོ་རུ་ཕྱིན་ཡོད།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མི་སྒྲོལ་མ་ལྷ་མོ་ཡིས། སྔོན་ཆད་རྒན་པ་ཁུན་མིང་དུ་ནད་ལྟ་བར་ཁྲིད་དུས། ལམ་དུ་ཉིན་མ་གཉིས་དགོས། དེང་སང་ཉིན་གཅིག་ལས་མི་དགོས། འགྲོ་གྲོན་ཆུང་བ་མ་ཚད་སེམས་ཡང་བདེ་ཞེས་བཤད།

    སློབ་གསོ་མངའ་ཁོངས་ལའང་ཁེ་ཕན་ཐོབ་པ། འགྲིམ་འགྲུལ་ལེགས་བཅོས་བྱས་རྗེས། རང་ཁུལ་དང་ཁུལ་གཞན་པ་དང་གྲོང་ཁྱེར་གཞན་བར་གྱི་བརྗེ་རེས་དེ་བས་མང་། དགེ་སློབ་རྩ་འཛུགས་བྱས་ཏེ་ཕྱི་ནས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་མ་ཟད། ད་དུང་ཞིང་ཆེན་ཕྱི་ནང་གི་རིགས་གཅིག་མཁས་པ་གདན་འདྲེན་ཞུས་ནས་བརྗེ་རེས་དང་སློབ་ཚན་ཁྲིད་དེ་སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་མཐོ་རུ་ཕྱིན། ལོ་ལྔ་ཚན་བཅུ་བཞི་པའི་དུས་རིམ་དུ། བདེ་ཆེན་གྱི་མཐོ་རིམ་སློབ་མ་ཞིང་ཆེན་ཕྱིའི་མཐོ་རིམ་སློབ་གྲྭ་རུ་འགྲོ་བའི་བསྡུར་གྲངས་དུས་རིམ་སྔོན་མ་ལས་ཡར་འཕར། འགྲིམ་འགྲུལ་སྟབས་བདེ་ཡོང་ནས་སློབ་གསོ་འཕེལ་རྒྱས་མགྱོགས་པོ་བྱུང་།  འགྲིམ་འགྲུལ་འཕེལ་རྒྱས་བྱུང་ནས་མི་རིགས་མཐུན་སྒྲིལ་དམ་ཟབ་བྱུང་ཡོད། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དེ་བོད་རིགས་དང་དབྱི་རིགས། པའེ་རིགས་སོགས་མི་རིགས་མང་པོ་གཅིག་འདུས་ས་ཁུལ་བརྒྱུད་དེ། མི་རིགས་ཁག་གི་མང་ཚོགས་ཕྱི་རུ་འགྲོ་བར་སྟབས་བདེ་འདོན་པ་མ་ཟད། མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་ལ་སྟབས་བདེ་བསྐྲུན་ཡོད། རྟ་རྒྱུག་དུས་ཆེན་དང་བེ་ཤ་འཐུ་བའི་དུས་ཆེན། བྱ་རིགས་ལ་ལྟ་བའི་དུས་ཆེན་སོགས་བྱེད་སྒོ་དུས་རིམ་དུ། ཕྱི་ནས་ཡོང་བའི་ཡུལ་སྐོར་བས་ས་གནས་འདི་གའི་མང་ཚོགས་དང་མཉམ་དུ་དུས་ཆེན་གཏོང་བ་དང་གནས་མི་འདྲ་བ་དེ་བརྗེ་རེས་ཁྲོད་མཉམ་འདྲེས་མཉམ་གནས་བྱས་ཡོད། 2024ལོར་བདེ་ཆེན་གྱིས་རིམ་བསགས་ནས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་3122.98སྣེ་ལེན་བྱས་ཏེ། ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་352.91མངོན་འགྱུར་བྱུང་། གཞི་གྲངས་གཉིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་དེ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་གནས།

    ལོ་ལྔ་ཚན་བཅུ་བཞི་པའི་དུས་རིམ་དུ། རང་ཁུལ་གྱིས་འགྲིམ་འགྲུལ་གྱི་དཀའ་གནད་སེལ་ནས་འགྲིམ་འགྲུལ་སྟབས་མི་བདེ་བ་ནས་འགྲིམ་འགྲུལ་སྟབས་བདེ་རུ་གྱུར་ཡོད། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འགན་འཁུར་པས། ལངས་གཟུགས་འགྲིམ་འགྲུལ་དྲ་བས་འགྲུལ་བ་སྐྱེལ་ཚད་དང་། དངོས་ཟོག་འདྲེན་ཚད། མ་དངུལ་འགྲོ་ཚད་ཁྱེར་བ་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཡང་ཁྱེར་ཡོད་ཅེས་བསྟན།

     འཕེལ་རྒྱས་ཀྱི་འགོ་ཚུགས་ས་གསར་པ་རུ་ལངས་ནས། རང་ཁུལ་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གོམ་སྟབས་མཚམས་འཇོག་མ་མྱོང་། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཕྱིར་བསྲིངས་ལམ་ཐིག་འཆར་འགོད་བྱེད་བཞིན་པའི་སྒང་ཡིན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྒྲིག་སྦྱོར་ལས་གྲྭ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད། སེམས་ཀྱི་ཉི་ཟླ་གནམ་ཐང་རྒྱ་བསྐྱེད་རྣམ་གྲངས་བརྟན་པོའི་ངང་ལག་བསྟར་བྱེད་བཞིན་ཡོད། ལྕགས་ལམ་དང་གཞུང་ལམ། མཁའ་ལམ་བཅས་ལངས་གཟུགས་འགྲིམ་འགྲུལ་དྲ་བས་ཤར་ཞི་ཁྲང་ནས་ཁྲེང་ཏུའུ།  ཁྲུང་ཆིན་དང་འབྲེལ་མཐུད་བྱེད་པ་དང་། ལྷོ་ཏ་ལི་དང་ས་དམ་གཉིས་བརྒྱུད་དེ་ཡུན་ནན་ཀྱི་དབུས་རྒྱུད་ས་ཁུལ་དུ་འབྲེལ། ནུབ་ནུའུ་ཅང་ནས་བུད་དེ་ཨེ་ཤ་ཡ་ལྷོ་མའི་ཕྱོགས་སུ་སྐྱོད། བྱང་ཆབ་མདོ་ནས་བོད་ལྗོངས་སུ་སྐྱོད་པ་སོགས་ཀྱི་འཆར་འགོད་དེ་མངོན་འགྱུར་བྱུང་ནས། གངས་ལྗོངས་མཐོ་སྒང་གི་བར་སྟོང་བར་ཐག་ལ་དངོས་སུ་འགྱུར་ལྡོག་བཏང་བ་དང་།  རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་ཡོད།