རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-23   རྩོམ་ཁུངས།    མི་དམངས་དྲ་བ།
མི་དམངས་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་བརྡ་ཐོ་བཀྲམ་ནས། རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་དང་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱིས་བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་དང་གཤིས་རྒྱུད་བཟང་པོ་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་བྱས་ཏེ། ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བ་དང་། དངོས་སྒྲུབ་འགན་འཁུར། ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་གིས་སྒྲུབ་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། ལྷག་བསམ་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དམག་ཧྲག་ཧུར་ཐག་སྐྲུན་དགོས་པའི་འབོད་སྐུལ་བྱས་པ་རེད།
བློ་མཐུན་བློ་བཟང་བཀྲ་ཤིས་མིག་སྔར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རྒྱལ་ཁབ་བདེ་འཇགས་ཅུས་ཉིང་ལག་རུ་ཁག་གཉིས་པའི་ཉིང་ལག་རུ་དཔོན་གྱི་འགན་འཁུར་བཞིན་ཡོད་པ་དང་། ཁོང་ལ་དེ་སྔ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་ཐོབ་པ་མ་ཟད། “རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”དང“རྒྱལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་གི་རིམ་པ་གཉིས་པ” “ཡུན་ནན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། བརྡ་ཐོའི་ནང་བསྟན་དོན། བློ་མཐུན་བློ་བཟང་བཀྲ་ཤིས་ཀྱིས་དུས་ཡུན་རིང་པོའི་ནང་མེས་རྒྱལ་ལྷོ་ནུབ་ཀྱི་མཐོ་གྲང་མཐའ་མཚམས་སུ་གཞིས་བཙུགས་ཏེ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་པ་དང་། འགན་འཁྲི་ཁུར་ནས་བྱས་རྗེས་བཞག་པ། གདོང་མཆོང་བྱེད་ཕོད་པ། འཐབ་འཛིང་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
བརྡ་ཐོའི་ནང་བླང་བྱ་བསྟན་དོན། བློ་མཐུན་བློ་བཟང་བཀྲ་ཤིས་ཀྱིས་ཏང་དང་རྒྱལ་ཁབ་ལ་མགོ་འབུལ་ལུས་འབུལ་ཞུ་བ་དང་། དད་སེམས་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ཏེ། འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ལ་ཞུན་བརྡར་བྱེད་དགོས། ཁོང་གི་རྣམ་པ་གསར་གཏོད་དང་སྟོབས་ཤུགས་བརྩོན་ལེན་བྱེད་པ་དང་གསར་འབྱེད་བྱེད་ཕོད་པའི་འབད་བརྩོན་གྱི་རྣམ་འགྱུར་ལ་སློབ་སྦྱོང་བྱས་ཏེ། འགྱུར་མེད་ཀྱི་འགན་འཁྲི་འཁུར་སེམས་སྦྱོང་བརྡར་བྱེད་དགོས། ཁོང་གི་འཐབ་འཛིང་བྱེད་ཕོད་པ་དང་བྱེད་མཁས་པ་དང་། གདོང་མཆོང་བྱེད་ཕོད་པའི་བསམ་པའི་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་ལ་ཞུན་བརྡར་བྱེད་དགོས། ཁོང་གི་སྒེར་སེམས་མེད་པ་དང་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་འདོད་པའི་བླ་ན་མེད་པའི་གོ་རྟོགས་ལ་སློབ་སྦྱོང་བྱས་ཏེ། འགྱུར་མེད་ཀྱི་སྒྲིག་བཀུར་ཁྲིམས་སྲུང་གི་སྤྱོད་ཚུལ་ལ་ཞུན་བརྡར་བྱེད་དགོས།