རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-22   རྩོམ་ཁུངས།    西藏日报藏文版
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེང་ལི་ཝུན་ལ་གློག་འཕྲིན་བཏང་ནས། ཁོང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ལོ་མང་རིང་ཏང་གཉིས་ཀྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་ཀྱིས“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ངོགས་གཉིས་ཀྱི་སྤུན་ཟླའི་དབར་གྱི་བརྩེ་དུང་དང་བདེ་རྩ་ཆེ་རུ་གཏོང་བར་གཞོལ་བས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་འགོག་ཐབས་མེད། ཏང་གཉིས་པོས་ཐུན་མོང་གི་ཆབ་སྲིད་ཀྱི་རྨང་གཞི་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་རྣམས་ལ་མཐུན་སྒྲིལ་བྱས་ཏེ། ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བརྟན་པོར་སྲུང་བ། ངོགས་གཉིས་ཀྱི་སྤུན་ཟླའི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་ཉིན་གསར་དུ་བདམས་པའི་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་གློག་འཕྲིན་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། 1992ལོར་མཚོ་འགག་ངོགས་གཉིས་དབར་ངག་ཐོག་རྣམ་པའི་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡིན་ཞེས་པའི་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཏང་གཉིས་པོས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་ཀྱིས“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད། ངོགས་གཉིས་ནི་མེས་པོ་ཡན་ཧོང་གི་རྒྱུད་པ་ཡིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པས། ཏང་གཉིས་པོས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐའེ་དབན་མཚོ་འགག་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ། ངོགས་གཉིས་ཀྱི་མི་དམངས་ལ་བདེ་རྩ་ཆེ་ཤོས་དོན་གཉེར་བྱེད་པ་དང་། མི་རིགས་བསྐྱར་དར་ལ་བརྗིད་ཆེའི་མདུན་ལམ་གཏོད་དགོས་ཞེས་གསུངས་པ་རེད།