རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-16   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
1 གཞོགས་ཉལ་བྱས་ནས་ཁ་པར་བལྟ་བ།
དེ་ལྟར་བྱས་ན་མིག་འོད་དོ་སྙོམས་བྲལ་བར་རྒྱང་སྒྲིབ་ནད་ཕོག་ཉེན་ཆེ་ལ། མིག་ཟུང་གི་ཁྲག་འཁོར་རྒྱུག་ཞན་དུ་ཕྱིན་ནས་མིག་ལ་གནོད་ངེས།
2 གློག་བསད་ནས་མུན་ནག་ཁྲོད་ཁ་པར་བལྟ་བ།
དེ་ལྟར་བྱས་ཚེ་མིག་གི་རྒྱལ་མོ་ཁ་འཐོར་ཞིང་འཇའ་སྐྱིའི་མཐའ་འཁོར་ཇེ་མཐུག་ཏུ་སོང་ནས་མིག་འབྲས་དོག་པ་དང་མིག་གནོན་ཇེ་མཐོར་འགྲོ་སྲིད་ལ། ཟུར་ཟུམ་རིགས་ཀྱི་སྔོ་འགྲིབ་ཀྱང་འབྱུང་སླ།
3 ལག་པ་མི་བཀྲུ་བར་མིག་ཕུར་ཕུར་བྱེད་པ།
དེ་ལྟར་བྱས་ན་འབུ་ཕྲ་མང་པོ་མིག་གི་ནང་དུ་འཛུལ་ནས་མིག་ལ་གནོད་སྲིད།
4 གཟུགས་པོ་འཁྲུ་དུས་སམ་ཡང་ན་ཆུ་རྐྱལ་རྒྱག་སྐབས་ཡིབ་རུང་མིག་ཤེལ་གྱོན་པ།
དེ་ལྟར་བྱས་ན་མིག་ལ་གནོད་པ་བཟོ་སྲིད། ལྷག་པར་དུ་ཆུ་རྐྱལ་རྫིང་བུའི་ནང་དུ་ཡིབ་རུང་མིག་ཤེལ་དང་དངོས་པོ་གཞན་མཉམ་དུ་འདྲེས་ནས་མིག་ངོས་ལ་གཙུབ་བརྡར་ ཐེབས་སྲིད།
5 དུས་ཡུན་རིང་པོར་མིག་སྨན་སྣ་ཚོགས་སྤྱོད་པ།
དེ་ལྟར་བྱས་ན་མིག་ངོས་ཀྱི་ཁོར་ཡུག་ལ་གཏོར་གཤིག་ཐེབས་སླ་བས། སྨན་པའི་སློབ་སྟོན་འོག་ཡང་དག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་མིག་སྨན་བཀོལ་སྤྱོད་བྱ་དགོས།
6 ཉིན་ལྟར་ཡིབ་རུང་མིག་ཤེལ་གྱོན་ཡུན་ཆུ་ཚོད་8ལས་བརྒལ་བ།
ཡིབ་རུང་མིག་ཤེལ་གྱོན་ཡུན་རིང་ན། མིག་ངོས་རྒྱུན་མཐུད་དབྱང་རླུང་མི་འདང་བའི་རྣམ་པར་གནས་སྲིད།
7 དུས་ཡུན་རིང་པོར་མཚན་འཁྱོངས་གཏོང་བ།
དེ་ལྟར་བྱས་ན་མིག་ལ་དུས་ཐོག་ཏུ་ངལ་གསོ་མ་བྱུང་བར་མིག་ལ་གནོད་འཚེ་ཆེན་པོ་ཡོད།
8 ཉི་འོད་ཆེན་པོའི་འོག་ཉི་འགོག་མིག་ཤེལ་མི་གྱོན་པ།
དེ་ལྟར་བྱས་ན་ཉི་མའི་འོད་ཟེར་གྱིས་མིག་གི་འོད་ཚོར་ཕྲ་ཕུང་ལ་གནོད་སྐྱོན་བཟོ་སྲིད།
9 དུས་ཡུན་རིང་པོར་གློག་རྡུལ་ཐོན་རྫས་སྤྱོད་པ།
བརྙན་འཕྲིན་དང་། ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་ལ་ཡུན་རིང་བལྟས་ན་མིག་དམར་པོ་ཆགས་ནས་རབ་རིབ་ཏུ་འགྱུར་སྲིད།
10 རྒྱང་སྒྲིབ་ཕོག་ཚད་ཏུའུ་100ལས་བརྒལ་ཡང་མིག་ཤེལ་མི་གྱོན་པ།
དེ་ལྟར་བྱས་ན་མིག་ཤེད་རིམ་བཞིན་ཇེ་སྡུག་ཇེ་ཞན་ཏུ་འགྲོ་སྲིད།
མདོར་ན། མིག་དབང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ན་གོང་གསལ་གྱི་གོམས་གཤིས་ངན་པ་དེ་དག་རིང་དུ་སྤངས་ནས་དུས་རྒྱུན་དུ་ང་ཚོས་མིག་ལ་ལས་ཀ་བསྐུལ་དྲགས་རྒྱུ་མེད་ཅིང་། བཀྲག་མདངས་ཆེ་བ་དང་ནག་ཁུང་གི་ཁོར་ཡུག་ནང་ཁ་པར་སོགས་བལྟ་རྒྱུ་མེད་པ། ལོ་ལྟར་གཟུགས་པོའི་བརྟག་དཔྱད་བྱེད་སྐབས་མིག་ནད་ཡོད་མེད་བརྟག་དཔྱད་བྱེད་དགོས་པ། ཉི་འོད་ཆེན་པོ་ཕོག་སྐབས་ཉི་འགོག་མིག་ཤེལ་གྱོན་དགོས་པ། དེ་བཞིན་མིག་ལ་ཕན་པའི་ཟ་རིགས་མང་ཙམ་སྤྱོད་དགོས་པ། མིག་ལ་ཕན་པའི་རྩ་གནད་གནོན་ཕུར་དང་ཆུ་གྲང་མོས་མིག་བཀྲུ་བ་སོགས་བྱ་ཐབས་སྣ་མང་སྤྱོད་དགོས་སོ། །