སྤྱི་པའི་ཞབས་ཞུའི་སྤུས་འབྲས་ལེགས་དུ་གཏོང་བ་དང་སྡོད་པར་འོས་ཤིང་ལས་ལ་འཚམ་པའི་རྣམ་པ་གསར་པ་མངོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སྤྱི་པའི་ཞབས་ཞུའི་སྤུས་འབྲས་ལེགས་དུ་གཏོང་བ་དང་སྡོད་པར་འོས་ཤིང་ལས་ལ་འཚམ་པའི་རྣམ་པ་གསར་པ་མངོན།

——འབའ་ལུང་རྫོང་དབུ་བརྙེས་ནས་ལོ་40འཁོར་བའི་སློབ་གསོ་དང་སྨན་བཅོས། གྲོང་ཁྱེར་འཛུགས་སྐྲུན་གྱི་ཕན་འབྲས་སྐོར་གྱི་སྒྲིལ་གླེང་།

        ཞོགས་པའི་ཉི་འོད་པི་ལུའོ་གངས་རིར་འཕྲོས་ཤིང་།ཡུང་ཁྲུན་གཙང་བོའི་འགྲམ་དུ་འོད་མདངས་རྣམ་པར་འཕྲོ། མཚེའུ་འགྲམ་གྱི་བགྲེས་སོང་ལི་སུའུ་གྱི་དམངས་གཞས་དང་མཉམ་དུ་ཞོགས་སྦྱོང་བྱས་པ།རྫོང་སློབ་འབྲིང་གཉིས་པའི་མི་མེད་གནམ་གྲུ་དང་བྱ་རིམ་སྒྲིག་པའི་སྒྲས་གང་སར་ཁེངས་བ།རྫོང་སྨན་ཁང་གི་སྨན་པས་བློ་རིག་མ་ལག་གིས་ནད་ཐོ་ལ་ལྟ་བཞིན་ཡོད། དེ་སྔོན་གྱི་“རི་ལམ་ཀྱག་ཀྱོག་མང་བ”དང“སྨན་པ་དཀོན་ལ་སློབ་ཁྲིད་ཉུང་བའི”རྫོང་གྲོང་ཆུང་དེ་ད་ཆ་ནི“སློབ་གྲྭར་ཚན་རྩལ་གྱི་བྲོ་བ་ལྡན་པ་དང་།སྨན་པར་བདེ་འཇགས་ཚོར་སེམས་ལྡན་པ།གྲོང་ཁྱེར་དུ་རི་ཀླུང་གི་ཉམས་འགྱུར་ལྡན་པ”བཅས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་གྲུབ་ཡོད། ཏག་ཏག་ལོ་ངོ་40འཁོར་བའི་དུས་ཆེན་དང་འཁེལ་ཞིང་།རི་སྔོན་ཆུ་དྭངས་ཀྱིས་བསྐོར་བའི་ས་གཞི་འདིའི་སྟེང་།སློབ་གསོ་དང་།སྨན་བཅོས།གྲོང་ཁྱེར་འཛུགས་སྐྲུན་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་འགྱུར་ལྡོག་གསལ་བོར་མཐོང་ཐུབ་པ་དང་།འགྱུར་ལྡོག་རེ་རེའི་ནང་དུ་འབའ་ལུང་མི་དམངས་ཀྱི་འབད་འཐབ་ཀྱི་རྐང་རྗེས་བརྐོས་ཡོད་ལ།དམངས་འཚོའི་རྒྱུགས་ཤོག་མཐུག་པོ་ཞིག་ཀྱང་བསྒྲིགས་ཡོད།

        སློབ་གསོའི་གསར་བཅོས་ཀྱི་སྐོར། ཚན་རྩལ་གྱིས་རིག་གནས་ཀྱི་རྨང་གཞི་གསར་པ་བསྐྲུན།

        “འཕུར་སྐྱོད་མཐོ་ཚད་ལེགས་སྒྲིག་བྱ་རྒྱུར་དོ་སྣང་བྱས་ཏེ་མཁའ་ལམ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས”འབའ་ལུང་རྫོང་སློབ་འབྲིང་གཉིས་པའི་ལུས་རྩལ་ཐང་དུ་ཆ་འཕྲིན་ལག་རྩལ་གྱི་དགེ་རྒན་ཝང་ཤིན་མེ་ཡིས་སློབ་མ་ཕུང་ཧྲོང་ཕིང་གིས་མི་མེད་གནམ་གྲུར་བཏང་ནས་འགོག་རྐྱེན་སྒྲོལ་བའི་སྦྱོང་བརྡར་ལེགས་སྒྲུབ་བྱེད་བཞིན་ཡོད། “རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ཚོད་ལྟའི་སློབ་གྲྭའི”མཚན་སྙན་ཐོབ་པའི་སློབ་འབྲིང་དེས་ཆེད་ལས་མི་མེད་གནམ་གྲུའི་འཕུར་སྐྱོད་རུ་ཁག་བཙུགས་པ་མ་ཟད།ཡུན་ནན་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོའི་ཁྲོད་བྱ་དགའ་ཐེངས་མང་ཐོབ་ནས་འབའ་ལུང་སློབ་གསོས་སྲོལ་རྒྱུན་ལས་ཐོལ་བརྒལ་དང་གསར་གཏོད་ལ་དམ་འཛིན་བྱེད་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།

        ལོ་བཞི་བཅུའི་གོང་གི་འབའ་ལུང་རི་ཁུལ་དུ་སློབ་གསོའི་ཐོན་ཁུངས་དཀོན་པ་ནི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི“འགོག་རྐྱེན་”ཞིག་རེད།སློབ་གསོ་ཁྱབ་གདལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་འབའ་ལུང་གིས་སློབ་གསོའི་རྨང་གཞིའི་ཞན་ཆ་རིམ་བཞིན་གསབ་ནས་སློབ་གསོ་འདྲ་མཉམ་གྱི་ཉི་འོད་རིམ་བཞིན་གང་སར་འཕྲོ་བཞིན་ཡོད།ད་ལྟའི་འབའ་ལུང་སློབ་གསོར“སྤུས་ལེགས་ཅན་དང་།ཁྱད་ཆོས་ཅན།དོ་སྙོམས་ཅན”བཅས་ཀྱི་རྣམ་པ་གསར་པ་མངོན་ཡོད་ལ།དེ་བས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི།མི་རིགས་ཀྱི་རིག་གནས་དང་སློབ་གསོའི་མཉམ་འདྲེས་ཟབ་མོ་བྱས་ཏེ།སློབ་མས་ཤེས་བྱ་སློབ་སྦྱོང་བྱེད་པ་དང་མཉམ་དུ་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་བྱེད་དུ་འཇུག་བཞིན་ཡོད། ལོ་ངོ་བཞི་བཅུའི་རིང་གི་སློབ་གསོའི་འཕོ་འགྱུར་གྱིས་ཕ་ཡུལ་གྱི་སློབ་མའི་འཚར་ལོངས་ཀྱི་ལམ་བུ་ཇེ་ཡངས་སུ་བཏང་ཡོད།

        སྨན་བཅོས་སྤུས་ཚད་མཐོར་གཏོང་སྐོར། བདེ་ཐང་ཁྱིམ་གཞིས་སྲུང་སྐྱོབ་བྱས་ནས་འགན་ལེན་དྲ་བ་སྲ་བརྟན་དུ་གཏོང་བ།

        ལོ་ངོ་བཞི་བཅུའི་སྔོན་ལ།འབའ་ལུང་རྫོང་དུ་རྫོང་རིམ་པའི་སྨན་ཁང་1དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁ་ཤས་ལས་མེད་པ་དང་།སྒྲིག་ཆས་ལ་ཉན་བརྟག་ཡོ་ཆས་དང་ཁྲག་གནོན་ཆས་སོགས་རྨང་གཞིའི་ཡོ་བྱད་ལས་མེད་པས།ཅུང་རྙོག་འཛིང་ཆེ་བའི་གཅོང་ནད་སྙོམས་སྒྲིག་གམ་མྱུར་ནད་ལ་འཕྲད་སྐབས།མང་ཚོགས་ཀྱིས་“ཉེ་དོར་རིང་འཚོལ་”ལས་བྱེད་མི་ཐུབ་པ་དང་།“སྨན་པ་བསྟེན་དཀའ་བ་དང་།སྨན་བཅོས་རིན་གོང་ཆེ་བ”ནི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏིང་གི་ཁུར་བོ་ལྗིད་མོ་ཞིག་རེད།དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས།འབའ་ལུང་སྨན་བཅོས་བྱ་གཞག་གིས་འཕེལ་རྒྱས་ཀྱི་དུས་རིམ་བསུས་ཤིང་།རྫོང་མི་དམངས་སྨན་ཁང་གིས་ཕྱི་རོལ་གྱི་རོགས་སྐྱོར་གྱིས་རམ་འདེགས་བྱེད་པ་དང་།ནང་ཁུལ་གྱི་གོ་གནས་སྤར་རྒྱུ་རྩ་བར་བཟུང་སྟེ།ཕྱོགས་གཉིས་ཀྱིས་སྨན་བཅོས་ཞབས་ཞུའི་རང་བཞིན་གྱི་འཕུར་མཆོང་མངོན་འགྱུར་བྱས།

        གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་བདེ་ཐང་འགན་སྲུང་བྱེད་ཚད་ཆེས་མཐའ་མར་སླེབས་ཡོད།ཁོངས་གཏོགས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་དུ“གནས་ཡུལ་ཡོད་པ་དང་།མི་སྣ་ཡོད་པ།སྒྲིག་ཆས་ཡོད་པ།སྨན་རྫས་ཡོད་པ”བཅས་ཀྱི་ལྟེ་བའི་བཀོད་སྒྲིག་བླང་བྱ་མངོན་འགྱུར་བྱུང་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་བྱེད་ཆོག་པའི་རང་བཞིན་དང་འགན་སྲུང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་མང་ཚོགས་ཀྱིས་ཐག་ཉེ་ས་ནས་གཞི་རྩའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། དུས་མཚུངས་སུ་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་།ནད་བརྟག་སྨན་བཅོས་བྱེད་ནུས་དང་མང་ཚོགས་ཀྱི་ཡིད་ཆེས་བྱེད་ཚད་དུས་མཉམ་དུ་ཇེ་ཆེར་བཏང་སྟེ།རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།

        གྲོང་ཁྱེར་གྱི་རིམ་སྤར་སྐོར། མཛེས་སྡུག་ལྡན་པའི་བར་མཐོངས་གཏོད་ནས་སྡོད་མལ་དུ་འཚམ་པའི་ཡུལ་ལྗོངས་རིམ་བཞིན་མངོན།

        ལོ་བཞི་བཅུའི་གོང་གི་འབའ་ལུང་རྫོང་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ཞན་པ་དང་།ས་ལམ་ཀྱག་ཀྱོག་མང་བ།སྤྱི་གླིང་གི་ཐང་ཆེན་ཡག་པོ་མེད་པ་སོགས་ཀྱི་རྐྱེན་གྱིས་བཙོག་ཆུ་ཐད་གཏོང་དང་གད་སྙིགས་གང་བྱུང་སྤུངས་བའི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་ཡོད་པས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་གལ་ཆེ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་འབའ་ལུང་རྫོང་གིས་རྒྱུད་རིམ་ལྡན་པའི་གྲོང་ཁྱེར་གསར་སྒྱུར་བྱེད་འགོ་ཚུགས་པ་དང་།དུས་གཅིག་ཏུ་འཛུགས་སྐྲུན་བྱས་པའི་ཆུ་འགྲམ་གྱི་བགྲོད་ལམ་དང་།སོས་དལ་བསིལ་ཁང་།ལུས་སྦྱོང་ཡོ་བྱད་བཅས་ཀྱིས་ཆུ་འགྲམ་གྱི་ལམ་དེ་མང་ཚོགས་ཀྱི་སོས་དལ་ལུས་སྦྱོང་བྱ་ཡུལ་ཡག་པོ་ཞིག་ཏུ་འགྱུར་བ་བྱས་ཡོད།

        ད་ཆའི་འབའ་ལུང་རྫོང་གྲོང་དུ“གྲོང་ཚོ་ཆུང་ངུའི”རྣམ་པར་སྔ་ས་ནས་འགྱུར་བ་དང་།“རི་ཆུ་ཕན་ཚུན་འཕྲོ་བ།གྲོང་ཁྱེར་གྱི་མཛེས་ལྗོངས་མཉམ་འདྲེས”བཅས་ཀྱི་སྡོད་མལ་ལ་འཚམ་པའི་རི་མོ་ཞིག་དལ་གྱིས་བཤམས་བཞིན་ཡོད།

        ལོ་ངོ་བཞི་བཅུའི་རིང་།འབའ་ལུང་རྫོང་ནི་སློབ་གསོ་རྗེས་ལུས་ཡིན་པ་དང་།སྨན་བཅོས་ཉམས་ཞན་ཡིན་པ།མི་འཚོ་སྡོད་ཁོར་ཡུག་ཞན་པ་བཅས་ཀྱི་རྫོང་གྲོང་ཆུང་ཆུང་ཞིག་ནས་སློབ་གསོའི་སྤུས་ལེགས་དོ་སྙོམས་དང་།སྨན་བཅོས་སྟབས་བདེ་ཡིན་པ།གྲོང་ཁྱེར་གྱི་སྔོ་ལྗང་མཛེས་སྡུག་ལྡན་ལ་འཚོ་སྡོད་བྱ་རྒྱུར་འཚམ་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།ལོ་40འཁོར་བའི་ལོ་རྒྱུས་ཀྱི་ལྷུ་ཚིགས་སུ་ལངས་ཏེ་འབའ་ལུང་གིས་སྣོད་བཅུད་རྨང་གཞིར་བྱེད་པ་དང་དམངས་འཚོ་རྩ་བར་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་།སྨན་བཅོས་དམངས་ཕན།གྲོང་ཁྱེར་རིམ་སྤོར་བཅས་ཀྱི་ལམ་བུའི་ཐོག་བརྟན་པོའི་ངང་མདུན་དུ་བསྐྱོད་དེ་རི་སྔོན་ཆུ་དྭངས་ཀྱི་སྣོད་བཅུད་ལེགས་ཆ་དེ་དམངས་འཚོའི་བདེ་སྐྱིད་དུ་རྒྱུན་མཐུད་ངང་འགྱུར་བ་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་དེ་བས་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་ལེའུ་ཞིག་རྩོམ་རྒྱུ་རེད།