ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གསུམ་པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-14   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

        ཏང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ལྟ་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པར་དགའ་བསུ་ཞུ་བའི་སྐབས་སུ།  “ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཞེས་”པ་བརྗོད་བྱ་གཙོ་བོར་བྱས་པའི་ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གསུམ་པ་ཟླ་10ཚེས་11ཉིན་སི་ཁྲོན་མི་རིགས་སློབ་གླིང་དར་མདོ་སློབ་ཁུལ་དུ་འཚོགས། ནན་ཁའེ་སློབ་ཆེན་དང་། སི་ཁྲོན་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་གྲགས་ཅན་མང་པོ་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་རིག་གནས་སྡེ་ཁག་དང་། གསར་འགྱུར་ལས་ཁུངས། སློབ་གྲྭའི་དགེ་སློབ་བཅས་མཉམ་འཛོམས་བྱས་ནས་གྲོས་བསྡུར་གཏིང་ཟབ་བྱས།

图片

        འགོ་ཚུགས་མཛད་སྒོའི་ཐོག་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཧོང་ཅིན་གྱིས་ཤིས་ཚིག་གནང་བའི་སྐབས་སུ་སི་ཁྲོན་མི་རིགས་སློབ་ཆེན་གྱིས་ཁམས་པའི་རིག་གནས་ཞིབ་འཇུག་ཁྱབ་ཁོངས་སུ་ཡུན་རིང་མཛད་རྗེས་བཞག་པར་ཁས་ལེན་བྱས་པ་དང་། དེའི་ཞིབ་འཇུག་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཟོ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ཞིབ་འཇུག་རྟེན་གཞི་དེར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།   

图片

        དཀར་མཛེས་ཁུལ་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཞང་ཧྥེས་ཤིས་ཚིག་ནང་སི་ཁྲོན་མི་རིགས་སློབ་གླིང་ལ་བླང་བྱ་བཞི་བཏོན་པ་སྟེ། གཅིག་ནི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་ཏུ་བཏང་ནས་དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་བར་རིག་སྟོབས་རྒྱབ་སྐྱོར་བྱ་དགོས་པ་དང་། གཉིས་ནི་འབྲེལ་གཏུག་ཟམ་པ་བསྐྲུན་ནས་སྣ་མང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་དཀར་མཛེས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ། ཁམས་པའི་རིག་གནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ། གསུམ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཟུག་རྒྱུར་རོགས་རམ་བྱས་ཏེ“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འབྲེལ་ཡོད་འཆར་འགོད་བཟོ་འགོད་ནང་ཞུགས་པ། བཞི་ནི་ཤེས་ལྡན་མི་སྣའི་བློ་གྲོས་གཅིག་སྡུད་བྱས་ནས་འཐབ་ཇུས་ཞིབ་འཇུག་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་གསར་པ་སྣོན་དགོས་ཞེས་གསུངས།

        སི་ཁྲོན་མི་རིགས་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་ཀོན་ཡུང་ལིན་གྱིས་འགོ་ཚུགས་གསུང་བཤད་ནང་དུ་སློབ་གྲྭའི་སློབ་གཉེར་དང་ཚན་རིག་ཞིབ་འཇུག་གི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་པ་མ་ཟད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་གོ་སྐབས་ལ་བརྟེན་ནས་ཁམས་པའི་རིག་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་གནས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།

图片

        གཙོ་དོན་གཏམ་བཤད་གནང་བའི་སྐབས་སུ་སློབ་གསོ་པུའུ་ཡི་ཁྲང་ཅང་མཁས་དབང་དམིགས་བསལ་གདན་ཞུ་དགེ་རྒན་ཆེ་མོ་བ་ཡེ་ཤེས་འོད་གསལ་ཨ་ཚོགས་དང་། ཀྲོའུ་རུན་ནན། ནོར་བུ་སོགས་གྲགས་ཅན་མཁས་དབང་བཅུ་ལྷག་ཙམ་གྱིས་ལོ་རྒྱུས་ཀྱི་ཡིག་ཆ་དང་། མི་རིགས་བར་གྱི་འབྲེལ་བ། སྒྱུ་རྩལ་གསར་གཏོད། རིག་གནས་སྤེལ་རེས་སོགས་ཕྱོགས་མང་པོའི་ཐད་ནས་ངོ་མཚར་ཆེ་བའི་སྙན་ཞུ་གནང་ཞིང་རིག་ཚན་མང་པོའི་ཐོག་ནས་ཁམས་པའི་རིག་གནས་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ཡོད། 

图片

        ཉིན་དེའི་ཕྱི་དྲོར། ཚོགས་འདུའི་ཐོག་ཏུ་ད་དུང་རིག་ཚན་འཛུགས་སྐྱོང་དང་ཆེད་ལས་འཛུགས་སྐྲུན་སྐོར་གྱི་མཉམ་འགྲོའི་གླེང་སྟེགས་གཉིས་བཙུགས་ནས་ཆེད་དོན་གྲོས་བསྡུར་བྱས་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བོད་རིག་པའི་རིག་ཚན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། སློབ་ཚན་ལེགས་སུ་གཏོང་བ། མཉམ་འདུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལྟེ་བའི་གྲོས་གཞི་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ནས་བོད་རིག་པའི་སློབ་གླིང་གི་འབྱུང་འགྱུར་འཕེལ་རྒྱས་ལ་བསམ་ཕྱོགས་རྩ་ཆེན་མཁོ་འདོན་བྱས་ཡོད།     

        ཤེས་རྟོགས་བྱུང་བར་གཞིགས་ན། ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་དེ་2011ལོར་བཙུགས་པ་ནས་བཟུང་བསྟུད་མར་སྐབས་བཅུ་གསུམ་འཚོགས་པ་དང་སློབ་གྲྭ་རིམ་པའི་ཚོགས་འདུ་ཞིག་ནས་ཞིང་ཆེན་ཕྱི་ནང་དུ་ཤུགས་རྐྱེན་ལྡན་པའི་རིག་གཞུང་སྤུས་རྟགས་ཤིག་ཏུ་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོན་ནས་ཁམས་པའི་རིག་གནས་ཀྱི་རིག་གཞུང་ཞིབ་འཇུག་དང་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།