ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག་ནན་བཤད་གནང་དོན།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་བཏང་སྟེ་ཆོས་ལུཌ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-01   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།   

<span style="color: rgb(216, 216, 216);"></span>        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་29ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བེད་སྤྱོད་དང་། རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་པ། བརྒྱུད་རིམ་གྱི་ལྟ་བར་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་ཚད་ལྡན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཆོས་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བློ་མཐུན་ཀྲང་ཤུན་མོའུ་ཡིས་གནད་དོན་དེར་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་གསན་པ་དང་གྲོས་བསྡུར་གནང་བ་རེད།

        འགྲེལ་བཤད་གསན་པ་དང་གྲོས་བསྡུར་གནང་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཆོས་ལུགས་ལས་དོན་དེ་ཉིད་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་དུ་བཞག་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་སོགས་ཀྱི་འདུ་ཤེས་གསར་པ་དང་བྱ་ཐབས་གསར་པ་རབ་དང་རིམ་པ་ཁ་གསལ་བཏོན་ཏེ། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། དུས་རབས་གསར་པར་ཆོས་ལུགས་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ན། གཞི་ནས་ཆོས་ལུགས་ཞི་དུལ་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ལ་སྐུལ་སྤེལ་གཏོང་ཐུབ་པ་ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་ཐུབ་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་རང་རྟོགས་ངང་ཞུགས་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་གྱི་ཆོས་ལུགས་ཁག་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་ཐུབ་ན། གཞི་ནས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་ཐུབ། ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ཙམ་གྱི་ཤེས་དཔལ་ནང་རྩ་བ་ཚུགས་པ་དང་། རང་རྒྱལ་གྱི་ཆོས་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་རིགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། རང་ངོས་སྒྱུར་བཅོས་ལ་སྐུལ་སློང་བྱེད་པ་དེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ལྡན་ཡོད། ཆོས་ལུགས་ལས་རིགས་ཀྱིས་བསྟན་དོན་ཆོས་ཁྲིམས་དང་། དོ་དམ་ལམ་ལུགས། གུས་ལུགས་གོམས་སྲོལ། བྱ་སྤྱོད་ཚད་གཞི་སོགས་ཀྱི་ཐད་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པ་བྱས་ཏེ། རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། ཁྲིམས་བཞིན་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པ་ནི་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད་ཡང་དག་བྱེད་པའི་རྩ་བའི་ཐབས་ལམ་ཡིན། འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། ཁྲིམས་སྒྱུར་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། དངོས་ཡོད་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་ཟབ་ཏུ་གཏོང་བ། ཆོས་ལུགས་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་སྔར་བས་ཆགས་པར་བྱེད་དགོས།