ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ཁྲེང་ཏུའུ་ཡི་ཁེ་ལས་མང་པོར་ཚོང་འགུགས་རྟོག་ཞིབ་གནང་བར་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9ཚེས་28ནས་ཚེས་29ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ཁྲེང་ཏུའུ་རུ་ཚོང་འགུགས་རྟོག་ཞིབ་བྱས་ནས་གྲངས་འཛིན་འཁྲབ་སྟོན་དང་སྣོད་བཅུད་ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་སྔ་རྗེས་སུ་ཡུས་ཧྲན་ཧོ་མེ་ཚོགས་པ་དང་སི་ཁྲོན་ཧྭ་པོའོ་རིག་གནས་ཐོན་ལས་ཚོགས་པར་འཚམས་འདྲི་། ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་བཞུགས་མོལ་སྤེལ་རེས་བྱས་པ་བརྒྱུད་མཉམ་ལས་ཀྱི་ངོས་འཛིན་གཅིག་གྱུར་སྔར་བས་ཟབ་ཏུ་བཏང་བ་རེད། 

    ཡུས་ཧྲན་ཧོ་མེ་ཚོགས་པར་རྟོག་ཞིབ་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་《དོམ་ཁྲ་ཕྱིར་ལོག་》ཅེས་པའི་འཁྲབ་ཚན་འཁྲབ་སར་ལྟ་ཞིབ་བྱས་པ་དང་གྲངས་འཛིན་གར་སྟེགས་ཀྱི་ལག་རྩལ་འགྲེམས་སྟོན་ལ་ལྟ་སྦྱོང་བྱས་པ་མ་ཟད། VRའཁྲབ་སའི་རྣམ་གྲངས་ཉམས་ལེན་བྱས་པ་དང་ལས་སྒོའི་བཀོད་པ་དང་། རིག་གནས་ཡུལ་སྐོར་གྱི་IPགཏོད་པ། འཐབ་ཇུས་ཀྱི་ཁ་ཕྱོགས་སོགས་ཐད་ཀྱི་ཚོགས་པའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས།

    བཞུགས་མོལ་ཚོགས་འདུའི་ཐོག་ཕྱོགས་གཉིས་ཀྱིས་སེམས་ཀྱི་ཉི་ཟླའི་དངོས་ལྗོངས་འཁྲབ་སྟོན་ཆེ་གྲས་དང་ལེ་ལག་ཚང་བའི་རྣམ་གྲངས་ལ་དམིགས་ཏེ་སྦྲེལ་མཐུད་གཏིང་ཟབ་བྱས། ཀྲང་ཝེ་ཏུང་གིས་བདེ་ཆེན་ལ་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་དང་ནང་དོན་ཟབ་མོ་ལྡན་པའི་མི་རིགས་ཀྱི་རིག་གནས་ཡོད་པ་དང་སེམས་ཀྱི་ཉི་ཟླ་ནི་རྒྱལ་ཁབ་ཕྱི་ནང་ལ་སྐད་གྲགས་ཆོད་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཤིག་ཡིན་པ་དང་། ཡུས་ཧྲན་ཧོ་མེ་ཚོགས་པས་IPརིག་གནས་གཉེར་སྐྱོང་དང་གྲངས་འཛིན་འཁྲབ་རྩལ་ཁྱབ་ཁོངས་ཀྱི་བྱང་ཆུབ་པའི་ཉམས་མྱོང་དེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་དགོས་མཁོ་དང་ཧ་ཅང་འཚམ་པོ་ཡོད་པས། ཡུས་ཧྲན་ཧོ་མེ་ཚོགས་པས་སེམས་ཀྱི་ཉི་ཟླར་རྟོག་ཞིབ་དང་མ་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

    ཡུས་ཧྲན་ཧོ་མེ་ཚོགས་པའི་ཏུང་ཧྲི་ཀྲང་ཆིའུ་ཝེ་ཡིས་རྟོག་ཞིབ་ཚོགས་ཆུང་ཕེབས་པར་དགའ་བསུ་ཞུས། ཁོང་གིས་ཚོགས་པས་བདེ་ཆེན་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཡོད། བརྟག་ཞིབ་རྒྱུན་མཐུད་བྱེད་རྒྱུ་ཡིན། གྲངས་འཛིན་འཁྲབ་སྟོན་ལག་རྩལ་དང་ཟུང་འབྲེལ་བྱས་པ་བརྒྱུད་བདེ་ཆེན་ལ་རིག་གནས་ཀྱི་གཏིང་ཟབ་པའི་ཁྱད་ཆོས་དང་ཁྲོམ་རའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཚད་ཤིང་རྣམ་གྲངས་བསྐྲུན་ཏེ་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད།

    སི་ཁྲོན་ཧྭ་པོ་རིག་གནས་ཐོན་ལས་ཚོགས་པར་རྟོག་ཞིབ་ཚོགས་ཆུང་གིས་ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་བདེ་ཆེན་དུ་བཀོད་སྒྲིག་བྱས་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་མང་པོར་དམིགས་ནས་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ། བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་པའི་ལག་བསྟར་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་ཞུའེ་ཐའོ་ཡིས་རྟོག་ཞིབ་ཚོགས་ཆུང་ཕེབས་པར་དགའ་བསུ་ཞུས་པ་དང་ཏི་ལུང་གཅུང་མོ་གསུམ་གྱི་མཚེའུ་སྣོད་བཅུད་ཡུལ་སྐོར་གསར་སྤེལ་གཉེར་སྐྱོང་དང་། གནས་གསར་གནམ་སྔོན་ཆུ་དྭངས་A3མཛེས་ལྗོངས་ཁུལ་གཉེར་སྐྱོང་བྲིན་ཚོང་། ཁམས་པའི་ཚོ་པའི་རྟ་རྩལ་གོམས་སྲོལ་གླིང་A2མཛེས་ལྗོངས་ཁུལ་གསར་སྤེལ་དང་ཕྱི་རོལ་འགྲན་བསྡུར་བྱེད་སྒོ་སྤེལ་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་བ།

    ཀྲང་ཝེ་ཏུང་གིས་སྣོད་བཅུད་ཡུལ་སྐོར་དང་ཕྱི་རོལ་གྱི་འགྲན་བསྡུར་ནི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་དང་། ཁེ་ལས་ཀྱི་རྣམ་གྲངས་ཁྱབ་ཚུལ་དང་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དབར་ཚད་མཐོའི་འཚམ་པོ་ཡོད། ཕྱོགས་གཉིས་ཀྱིས་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མཛེས་ལྗོངས་ཁུལ་གསར་སྤེལ་གཉེར་སྐྱོང་དང་རིག་གནས་ཡུལ་སྐོར་བྱེད་སྒོ་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་དང་ཕན་འབྲས་ཐོན་པ་བྱས་ནས་ཕན་ཚུལ་གཉིས་ཕན་ཡོང་བའི་རེ་བ་ཡོད་ཅེས་བཤད།

    ཞུའེ་ཐའོ་ཡིས་ཚོགས་པས་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཁྲོམ་རར་ལོ་མང་གཏིང་ཟབ་ཞུགས་པ་བརྒྱུད་ས་གནས་དེ་གའི་ཚོང་གཉེར་ཁོར་ཡུག་བཟང་བ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་མྱོང་ཚོར་ཟབ་མོ་བྱུང་། སླད་ཕྱིན་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཧུར་ཐག་ཞུགས་ཏེ་ཚོགས་པའི་ཆེད་ལས་ཀྱི་ལེགས་ཆར་བརྟེན་ནས་བདེ་ཆེན་ལ་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་རྣམ་གྲངས་བཏོད་ནས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    ཁུལ་གྱི་འགོ་ཁྲིད་ཝན་ཏན་ཆིང་དང་ཀྲོང་ཞའོ་ཕིང་། ཁུལ་རིམ་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་རྟོག་ཞིབ་ནང་ཞུགས།