རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་མཐའ་འཁྱོངས་དང་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་དེ་བས་ལེགས་པ་འདོན་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་ཁག་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འགན་འཁྲི་དང་ལས་འགན་ནན་ཏན་སྒྲུབ་པ་དང་སློབ་ཁྲིད་དང་ཚན་ཞིབ་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་རིམ་ཁག་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་མཐའ་འཁྱོངས། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས། ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་དེ་བས་ལེགས་པ་འདོན་དགོས། སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པ་གསོ་སྦྱོང་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། སློབ་གསོ་དང་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་རིག་མཛོད་ཀྱི་ནུས་པ་ཡག་པོ་འདོན་དགོས། སློབ་གྲྭ་ནན་པོས་སྐྱོང་བ་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་གཉེར་རྒྱུ་མཐའ་འཁྱོངས་དང་། ལས་བྱེད་པ་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། སློབ་མར་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སློབ་གྲྭ་གཉེར་བ་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ། རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང) བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཟླ་9ཚེས་28ཉིན། རྒྱལ་ཡོངས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཁྲེན་ཤིས་ཀྱིས་ཚོགས་འདུར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་དེ་བས་རང་རྟོགས་ངང་མཐའ་འཁྱོངས། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་གྱི་སྤྱིའི་བླང་བྱ་དམ་འཛིན་ནན་པོ་བཅས་བྱས་ཏེ། སྤུས་ཚད་མཐོ་པོས་ཤེས་ལྡན་པ་གསོ་སྐྱོང་དང་ཆུ་ཚད་མཐོ་པོས་ཐབས་ཇུས་འདོན་རྒྱུ་མཐའ་འཁྱོངས་བྱེད་དགོས། གཞི་རྩའི་གསོ་སྦྱོང་ལ་དམིགས་ཏེ་ལས་བྱེད་པ་དང་ཏང་ཡོན་གྱི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། སློབ་གྲྭ་ནན་པོས་སྐྱོང་བ་དང་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་གཉེར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གསོ་སྦྱོང་གི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།