རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོ་བསྣམས་ནས། ཚེས་26ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ས་ཆ་མང་པོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མུ་མཐུད་འཚམས་འདྲི་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་འཛིན་ནན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་ཧུའུ་ཉིང་གིས་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་གཉིས་པའི་ཐེ་མོན་ཀོན་གྲོང་ཁྱེར་དང་ཧྲི་ཤོག་བཅུ་པའི་པེ་ཐུན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ནས་པིང་ཐོན་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་དང་། ལས་རིགས་སློབ་གསོ་འཕེལ་རྒྱས། མཛེས་པའི་ལེན་ཏུའེ་འཛུགས་སྐྱོང་དང་སློབ་མའི་སློབ་སྦྱོང་དང་འཚོ་བ། ལས་བཟོ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཝང་ཧུའུ་ཉིང་གིས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་རབས་གསར་པའི་པིང་ཐོན་གྱི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། པིང་ཐོན་དང་ས་གནས་ཀྱི་བསམ་ཇུས་གཅིག་མཐའ་འཁྱོངས། པིང་ཐོན་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ་བཅས་དུས་རབས་གསར་པའི་པིང་ཐོན་གྱི་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་བའི་ལེགས་ཆར་འགྱུར་བ་བྱས་ཏེ་པིང་ཐོན་གྱི“བརྟན་ལྷིང་ཡོ་ཆས”དང་། “ཞུ་ཐབ་ཆེན་པོ” “དཔེ་སྟོན་ཁུལ”བཅས་ཀྱི་ནུས་པ་གང་ལེགས་འདོན་དགོས་ཞེས་གསུངས་པ་རེད། པིང་ཐོན་གྱི་ཤིང་ཏོག་ཤང་ལིའི་ཚད་གཞི་མཐོ་བའི་དཔེ་སྟོན་ཁུལ་ལ་རྟོག་ཞིབ་གནང་སྐབས། ཝང་ཧུའུ་ཉིང་གིས། པིང་ཐོན་གྱི་ཞིང་ལས་ལེགས་ཆ་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། པིང་ཐོན་གྱི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་འཁོར་ས་གནས་ཀྱི་འཕེལ་རྒྱས་ལ་ཁྱབ་འགྱེད་སྐུལ་ཁྲིད་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དམངས་འཚོར་ཕན་པ་དེ་བས་ཡག་པོ་ཡོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། པིང་ཐོན་གྱི་གསར་དར་ལས་རིགས་ལག་རྩལ་སློབ་གླིང་དུ་རྟོག་ཞིབ་གནང་སྐབས། ཝང་ཧུའུ་ཉིང་གིས། ལས་ཞུགས་ཕྱོགས་སྟོན་དུ་བཟུང་ནས་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཤིན་ཅང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་བཀོད་པ་གཏོད་པ། དེང་རབས་ལས་རིགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་རིགས་སློབ་གསོའི་ཁྱབ་རྒྱ་ཆེ་རུ་གཏོང་བ། ལས་རིགས་སློབ་གྲྭའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཤིན་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད། པིང་ཐོན་གྱི་མཛེས་པའི་ལེན་ཏུའེ་འཛུགས་སྐྱོང་ལ་རྟོག་ཞིབ་གནང་སྐབས། ཝང་ཧུའུ་ཉིང་གིས། པིང་ཐོན་གྱི་མི་རབས་མང་པོས་དཀའ་སྤྱད་འབད་འཐབ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ། དམག་སྡོད་ས་སྦོལ་གྱིས་མཐའ་མཚམས་སྲུང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྩམས་ཡོད་པས། པིང་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། པིང་ཐོན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། པིང་ཐོན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། པིང་ཐོན་འདི་ཉིད་དེ་བས་མཛེས་སྡུག་དང་དར་རྒྱས་ཆེ་བ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལི་ཀན་ཅེ་ཡིས་ཡན་ལག་ཚོགས་པ་གཉིས་པའི་སྣེ་ཁྲིད་དེ་མོར་དགོན་པའི་གནའ་ཤུལ་དུ་ཕེབས་ནས། ཁ་ཧྲེ་ས་ཁུལ་གྱི་ནང་བསྟན་ཆོས་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཀྲུང་ལུགས་གསོ་རིག་སྨན་ཁང་དང་། མཐོ་སློབ། ཐོན་ལས་དཔེ་སྟོན་གླིང་བཅས་སུ་སྐུ་ཚབ་ཚོགས་པས་ཀྲུང་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་གསར་གཏོད་དང་། སློབ་གསོ་འཕེལ་རྒྱས། གྲོང་གསེབ་དར་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་རྗེས་སྐུ་ཚབ་ཚོགས་པ་པིང་ཐོན་གྱི་ཚའོ་ཧུའུ་རྣམ་གྲངས་ཁུལ་དུ་ཕེབས་ཏེ། སློབ་གྲྭ་དང་ཁེ་ལས་ལ་རྟོག་ཞིབ་དང་། འགྲེམས་སྟོན་ལ་གཟིགས་སྐོར། སློབ་གསོའི་ཤིན་སྐྱོར་དང་། ཁེ་ལས་ཤིན་སྐྱོར། པིང་ཐོན་གྱི་གཞི་རིམ་འཛུགས་སྐྱོང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ལི་ཀན་ཅེ་ཡིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། མི་རིགས་ཁག་གི་མང་ཚོགས་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ལ་གཏིང་ཟབ་ཟུག་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་སྐྱེད་སྲིང་བྱེད་པ་དང་། དམངས་འཚོར་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་གྱི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་གྱིས་ཡན་ལག་ཚོགས་པ་གསུམ་པའི་སྣེ་ཁྲིད་དེ་ཅིན་ཧྥེང་ཚན་རྩལ་རྒྱལ་ཁབ་རླུང་གློག་གསར་གཏོད་ལྟེ་གནས་སུ་ཕེབས་ནས། ཁེ་ལས་ཀྱི་ལག་རྩལ་འགག་གནད་སེལ་ཚུལ་ལ་རྟོག་ཞིབ་གནང་བ་རེད། སྐུ་ཚབ་ཚོགས་པས་ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཁུལ་དུ་སྐམ་སའི་གྲུ་ཁ་ཁུལ་གྱི་མཉམ་འདྲེན་སྣ་མང་ལྟེ་གནས་དང་ཀྲུང་ཡོའི་དུས་གཏན་མེ་འཁོར་བསྡུ་འཛོམ་ལྟེ་གནས་སོགས་སུ་སྐྱེལ་འདྲེན་གཉེར་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། པིང་ཐོན་གྱི་ཧྲི་ཤོག་བཅུ་གཅིག་པའི་འཛུགས་སྐྲུན་ཨར་ལས་ཚོགས་པར་ཕྱོགས་བསྡུས་རང་བཞིན་གྱི་འཛུགས་སྐྲུན་མ་འཇོག་ཚོགས་པའི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་ནས་ཁེ་ལས་ཀྱི་ལས་བཟོར་འཚམས་འདྲི་གནང་བ་རེད། སྐུ་ཚབ་ཚོགས་པ་དང་བཅས་པ་ད་དུང་ཤིན་ཅང་ཐེན་རུན་དཀར་ཆུའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་གྱིས། ཤིན་ཅང་ལ་གོ་སྐབས་གསར་པ་འཕྲད་བཞིན་ཡོད་པས་བྱས་རྗེས་གསར་པ་འཇོག་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཤིན་ཅང་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱས་ནས། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་འཛིན་ནན་པོ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུ་ཐག་ཞུ་བ་དང་མཉམ་འདྲེས་བྱེད་པ། འགག་སྒྲོལ་དཀའ་སེལ་དང་ཕུལ་བྱུང་བརྩོན་ལེན་བྱེད་ཕོད་པ་བཅས་བྱས་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
རྒྱལ་དོན་ཨུ་ཡོན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧྲེན་དབྱི་ཆིན་གྱིས་ཡན་ལག་ཚོགས་པ་བཞི་པའི་སྣེ་ཁྲིད་དེ་ཁེ་ལཱ་མ་དབྱི་གྲོང་ཁྱེར་གྱི་ཤིན་ཅང་སྣུམ་ཞིང་ཀུང་སིའི་རྩད་ཞིབ་གསར་སྤེལ་ཞིབ་འཇུག་ཁང་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཁེ་ལཱ་མ་དབྱི་སྨན་ཁང་། ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལཱ་མ་དབྱི་སློབ་ཁུལ། ནན་ཡོན·ནན་ཆོན་སྡེ་ཁུལ། གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས། པིང་ཐོན་ཧྲི་ཤོག་བདུན་པའི་ཧུའུ་དབྱང་ཧོ་གྲོང་ཁྱེར་བཅས་སུ་རྟོག་ཞིབ་གནང་བར་ཕེབས་ཏེ་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ལོ་ངོ་70ཡི་རིང་གི་ཤིན་ཅང་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་དང་གྲུབ་འབྲས་རླབས་པོ་ཆེར་མཁྱེན་རྟོགས་གནང་བ་རེད། ཧྲེན་དབྱི་ཆིན་གྱིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་སྟེ་རིག་དཔལ་ཤིན་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་ལ་མཐོང་ཆེན། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། པིང་ཐོན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་པིང་ཐོན་དང་ས་གནས་མཉམ་འདྲེས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་མཐའ་མཚམས་བདེ་འཇགས་དང་སྲ་བརྟན་གྱི་བརྟན་ལྷིང་ཡོ་ཆས་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་གཅིག་སྒྲིལ་གྱི་ཞུ་ཐབ་ཆེན་པོ། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་སྔོན་ཐོན་གྱི་རིག་གནས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བཅས་ཀྱི་ནུས་པ་ཏན་ཏིག་འདོན་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ལེཌ་གཏོང་དང་མཐུན་སྒྲིལ་ཟབ་གཏོང་ཐད་འཕེལ་རྒྱས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝང་ཏུང་ཧྥུང་གིས་ཡན་ལག་ཚོགས་པ་ལྔ་པ་དང་བཅས་པའི་སྣེ་ཁྲིད་དེ་པོར་ཐ་ལཱ་སོག་རིགས་རང་སྐྱོང་ཀྲོའུ་རུ་སའེ་ལི་མུའུ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། དབྱི་ལི་ཧ་སག་རང་སྐྱོང་ཀྲོའུ་ཧོར་གོ་སི་གྲོང་ཁྱེར་དུ་ཕེབས་ནས་འགག་སྒོའི་རིག་ནུས་ཅན་གྱི་འཛུགས་སྐྲུན་དང་ནུབ་ཕྱོགས་སྒོ་དབྱེའི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། པིང་ཐོན་ཧྲི་ཤོག་བཞི་པའི་ཁེ་ཁེ་ཏ་ལཱ་གྲོང་ཁྱེར་དུ་ཕེབས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་བའི་གནས་ཚུལ་མཁྱེན་རྟོགས་གནང་ནས་མཐའ་མཚམས་སྲུང་མཁན་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། ཧོ་ཁྲེང་རྫོང་ཧུའེ་ཡོན་གྲོང་རྡལ་གྱི་དབྱི་ལིའི་དམག་དཔོན་གཟིམ་ཤག་ཏུ་ཕེབས་ནས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཝང་ཏུང་ཧྥུང་གིས། ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་གཞག་ཁག་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་སྐྱོང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། མི་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་གི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། ས་བབ་དང་ཐོན་ཁུངས་སོགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གང་མགྱོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་ཐོན་ཁུངས་སྔར་བས་སྔོག་འདོན་དང་ཡག་པོ་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་བརྗོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་དེ་བས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཀྲེན་ལི་ཡིས་ཡན་ལག་ཚོགས་པ་དྲུག་པའི་སྣེ་ཁྲིད་དེ་པིང་ཐོན་ཧྲི་ཤོག་དྲུག་པའི་ཝུའུ་ཅ་ཆུད་གྲོང་ཁྱེར་གྱི་ཤིན་ཅང་ཐན་ཨེ་དེང་རབས་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་རྗེས་སྐུ་ཚབ་ཚོགས་པ་དམག་སྦོལ་ལམ་ཁྲོམ་གཞུང་གི་དམག་སྦོལ་བྱང་ལམ་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་གྲོང་མིའི་ཁྱིམ་དུ་འཚམས་འདྲི་གནང་བ་རེད། པིང་ཐོན་ཧྲི་ཤོག་བརྒྱད་པའི་ཧྲི་ཧོ་ཙེ་གྲོང་ཁྱེར་དུ་སྐུ་ཚབ་ཚོགས་པ་ཤིན་ཅང་པིང་ཐོན་དམག་སྦོལ་རྟེན་མཛོད་ཁང་དང་པིང་ཐོན་གྱི་གཞི་རིམ་ལེན་ཏུའེ་རུ་ཕེབས་ཏེ་དམག་སྦོལ་འཛུགས་སྐྲུན་འཕེལ་རྒྱས་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ལིའུ་ཀྲེན་ལི་ཡིས། པིང་ཐོན་གྱི་ལེགས་ཆ་འདོན་སྤེལ་དང་། ཞིང་ལས་ཚན་རྩལ་གསར་གཏོད་གཏིང་ཟབ། ཡུལ་བབ་དང་བསྟུན་ནས་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་དང་། ཏང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”བེད་སྤྱོད་ཧུར་ཐག་བཅས་བྱས་ཏེ་སྡེ་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་དང་པིང་ཐོན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ལས་དོན་དང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད།