སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    

    

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སེམས་མཐུན་སྟོབས་སྒྲིལ་དང་ཞུམ་མེད་མདུན་སྐྱོད་བྱ་རྒྱུའི་ལྕག་སྐུལ་ཐེབས་པ།

    ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་9ཚེས་24ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ནས་གསུང་བཤད་གལ་ཆེན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཁ་ཕྱོགས་གསལ་སྟོན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། དེ་ལས་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སེམས་མཐུན་སྟོབས་སྒྲིལ་དང་ཞུམ་མེད་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་ཐེབས་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་འཛིན་ནན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། ཀྲུང་དབྱང་གིས་གཏན་ལ་ཕབ་པའི་“འཐབ་ཇུས་ཀྱི་ངེས་གནས་ཆེན་པོ་ལྔ”ལ་དམ་པོར་དམིགས་པ། སེམས་ཤུགས་གཅིག་སྒྲིལ་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། མཐུན་སྒྲིལ་འཆམ་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་རྒྱས། བདེ་སྡོད་ལས་བརྩོན། སྐྱེ་ཁམས་བཟང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    ཤིན་ཅང་གི་ཁྱད་ཆོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ།

    ཉེ་བའི་ལོ་སུམ་ཅུའི་རིང་། ཤིན་ཅང་གི་སྤང་ལྗོངས་ཀྱི་རྒྱ་ཁྱོན་56.6%ཆེ་རུ་ཕྱིན་ཞིང་། སྔོ་ལྗང་རི་ཀླུང་བར་དུ་སྐྱེ་ཁམས་མཛེས་སྡུག་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་ཀྱི་བདེ་སྐྱིད་ལམ་བུ་བཏིང་ཡོད། ཏུའུ་ཁུའུ་གཞུང་ལམ་གྱི་མཇུག་རྫོགས་སར་ཨ་ཁེ་སུའུ་ས་ཁུལ་ཁུའུ་ཁྲེ་གྲོང་ཁྱེར་ཨ་ཀེ་ཤང་ཁང་གྲོང་ཚོར་ཉམས་ཞན་དུ་སོང་བའི་རྩྭ་ཐང་གིས་སླར་ཡང་གོས་ལྗང་བཀླུབས་པ་དང་ཡུལ་མི་ཚོ་ཡུལ་སྐོར་ལས་རིགས་སུ་ཞུགས་རྒྱུ་བྱུང་ཡོད། “‘རི་བོ་གཉིས’ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག ང་ཚོས་ད་དུང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཐུབ་པར་བྱས་ནས་ཡུལ་མི་ཚོའི་འཚོ་བའང་ཉིན་རེ་བཞིན་ལེགས་སུ་འགྲོ་བར་བྱ་རྒྱུ་ཡིན”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མའེ་མའེ་ཐི·ཨའེ་ཙི་ཙིས་བཤད་པ་རེད།

    དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་སྐྲུན་པར་སྐུལ་འདེད་མགྱོགས་པོ་བཏང་བ་བརྒྱུད། ཤིན་ཅང་གི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དེ་2012ལོའི་སྒོར་དུང་ཕྱུར་1589.6ནས་2024ལོའི་སྒོར་དུང་ཕྱུར་4341.6བར་འཕར་ཡོད། “ང་ཚོས་ཚོང་དོན་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་དེ་བས་ཆེན་པོ་འདོན་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་དང་ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ཧོར་གོ་སི་འགག་སྒོ་ནས་རླངས་འཁོར་ཁྲི་25.8ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་8.5%འཕར་ཡོད་ཅེས་ཧོར་གོ་སི་འགག་སྒོའི་ཀོན་ཀྲང་ཡོན་ཅང་ཝུའེ་ཡིས་ངོ་སྤྲོད་བྱས་པ་རེད།

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70ཡི་རིང་། ཤིན་ཅང་གི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། 2020ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་306.49ཚང་མ་དབུལ་སྒྲོལ་བྱུང་སྟེ། ལོ་ངོ་སྟོང་ཕྲག་ཁ་ཤས་རིང་ཤིན་ཅང་ལ་འཕྲད་པའི་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད།

    དེ་སྔོན་དང་བསྡུར་ན། ཧོ་ཐེན་ས་ཁུལ་ཚེ་ལེ་རྫོང་གི་རྫོང་དཔོན་གཞོན་པ་ཨ་པུ་ལི་སྨི་ཐི·ཨའེ་པི་པུའུ་ལ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ད་ཆ་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་ཐབས་ཧུར་ཐག་བཅས་བྱས་ནས། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་གཏོད་བཞིན་ཡོད”ཅེས་བཤད་པ་རེད།

    “པིང་ཐོན་ནི་ཏང་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་པའི་འཐབ་ཇུས་སྟོབས་ཤུགས་གལ་ཆེན་ཞིག་ཡིན”ཞེས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་སྐུལ་ལྕག་ཆེན་པོ་ཐེབས་འདུག “ང་ཚོས་པིང་ཐོན་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་པིང་ཐོན་གྱི་དོན་དངོས་དང་མཐུན་པ་དང་པིང་ཐོན་གྱི་ཁྱད་ཆོས་མངོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་ཀྱི་ཡིན”ཞེས་པིང་ཐོན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཙོ་རེན་ཀུའེ་ཡིས་བཤད་པ་རེད།

    ཤིན་ཅང་གི་སྤྱི་ཚོཌ་སྤྱི་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུཌ་ཡོད་རྒུས་སྲུང་སྐྱོང་བྱས་པ།

    “ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། ཁ་ཧྲེ་ས་ཁུལ་ཁ་ཧྲེ་གྲོང་ཁྱེར་སྤྱི་བདེ་ཅུས་ནའེ་ཙོར་པ་ཀེ་མངགས་གཏོང་ཁང་གིས་འོས་འགན་ཉེན་རྟོག་དཔུང་ཁག་མང་པོ་ཞིག་མི་900ལྷག་ཙམ་ཡོད་པའི“ཧུང་དབྱིང་ཧྥུང་ཉེན་རྟོག”དཔུང་ཁག་ཏུ་ཟླ་སྒྲིལ་བཏང་སྟེ། ཉེན་རྟོག་པ་དང་མི་དམངས་ཀྱི་བློ་སེམས་གཅིག་མཐུན་ཡོང་བར་བྱས་ནས་དུས་བདེར་མཉམ་དུ་སྲུང་སྐྱོང་བྱས་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ང་ཚོས་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་གི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་ཤིན་ཅང་གི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན”ཞེས་སུའོ་ཀྲང་ཡན་ཏུང་མིན་གྱིས་བློ་རྩ་བརྟན་པོས་བཤད་པ་རེད།

    ད་ལྟའི་ཤིན་ཅང་དུ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱུང་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་ཡོད། “མི་རིགས་ཁག་གི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཏེ། རླབས་ཆེན་མེས་རྒྱལ་མཉམ་དུ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་ཀྱི་ཡིན”ཞེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་ཏེ་ཤིན་གྱིས་བཤད་པ་རེད།

    “མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཆི་ཐའེ་རྫོང་གི“དམངས་ཁྲོད་སྒྲོག་འགྲེལ་པ”ཀྲའོ་ལི་ཏེ་ཧན·ཝ་ལི་ཝུའུ་ལར་སེམས་འགུལ་ཆེན་པོ་ཐེབས་ཡོད། སླད་ཕྱིན་ངས“མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་ཡུལ་མི་ཚོས་མིག་མཐོང་ལག་ཟིན་ཐུབ་པ་དང་ཕན་པ་དངོས་ཐོབ་པའི་མི་སེམས་དྲོ་བའི་གཏམ་རྒྱུད་སྔར་བས་ཡག་པོ་ཤོད་ཀྱི་ཡིན”ཞེས་བཤད་པ་རེད།

    ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཤིན་ཅང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་དུ་བྱས་པ།

    ད་ལོའི་ལོ་སྟོད་དུ་ཀྲུང་གུང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨུ་ལྷན་ཏང་གི་སློབ་གྲྭ(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)ཡིས་གསོ་སྦྱོང་འཛིན་གྲྭ་ཁག་ཐེངས་50ལྷག་ཙམ་གཉེར་བ་དང་། འཛིན་གྲྭ་ཁག་ཚང་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱས་ཡོད། “ང་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལྷག་བསམ་རྣམ་དག་གིས་སྦྱོང་མཁན་ཞིག་སྔར་བས་རང་རྟོགས་ངང་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་ཀྱི་ཡིན”ཞེས་ཀྲུང་གུང་ཤིན་ཅང་ཡུ་གུར་ང་སྐྱོང་ལྗོངས་ཨུ་ལྷན་ཏང་གི་སློབ་གྲྭ(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཝང་ཕེང་གིས་བཤད་པ་རེད།

    ཁུའུ་ཁྲེ་གྲོང་ཁྱེར་ཀུའེ་ཚི་སྲང་ལམ་གནའ་ཉམས་དོད་ལ་ལྟ་ན་སྡུག ན་ནིང་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་100ལས་བརྒལ་ཡོད། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་གྱི་ཤིན་སྐྱོར་ལས་བྱེད་པ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ནུས་གཅིག་སྒྲིལ་གྱིས་རིང་ཚད་སྤྱི་ལེ་1.2ཟིན་པའི་ཁྲོམ་གཞུང་རྙིང་པ་དེར་སྒྱུར་བཀོད་རིམ་སྤོར་བྱས་པ་དང་ཚོང་འགུགས་མ་འདྲེན་བྱེད་ཚད་སྒོར་ཁྲི་7000ལྷག་ཙམ་ཟིན་གྱི་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྟན་ལྷིང་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་གྱི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩི་གི་ཡོད”ཅེས་ཉིང་པོ་གྲོང་ཁྱེར་ཤིན་སྐྱོར་བཀོད་འདོམས་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཁུའུ་ཁྲེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཡུང་གིས་བཤད་པ་རེད།

    འོ་ཇ་འཐུང་གིན་དམངས་ཀྱི་སྐད་སྒྲར་ཉན། ཉེ་བའི་ལོ་ཤས་རིང་དབྱི་ལི་ཧ་སག་རང་སྐྱོང་ཀྲོའུ་ཡིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“དབྱི་ལི་བའི་ཇ་སྟོན་ཚོགས་འདུ”ཞེས་པའི་གྲོས་མོལ་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཡོད། “ང་ཚོས་ལམ་སྲོལ་སྣ་ཚོགས་སྔར་བས་ལེགས་སུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་གི་ཡིན”ཞེས་ཀྲོའུ་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧུའུ་ཀྲེན་ཅང་གིས་བཤད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ང་ཚོས་ཚད་གཞི་སྔར་བས་མཐོ་པོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་བྱེད་པར་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་གཏོད་ཀྱི་ཡིན”ཞེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུའུ་ཅན་གྱིས་བཤད་པ་རེད།