ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མིདམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུས“ཕྱོགས་གཉིས་མ་འཇོག་རྒྱ་ཆེར་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་པ་ཡུན་རིང་གི་བརྗོད་དོན་གཙོ་བོར་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པས། གོ་ལ་ཧྲིལ་པོའི་མ་འཇོག་མཁན་དབར་གྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ལས་སྟེགས་ནུས་ལྡན་ཞིག་ཏུ་གྱུར་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་མཁན་གཙོ་བོ་དང་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་ཡིན་པའི་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ལ་རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་མཉམ་སྤྱོད་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དྲང་ནུས་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་རྒྱུ་ཡིན། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་བཏང་སྟེ་དར་རྒྱས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད།

    ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པ་ཚེས་8ཉིན་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འགོ་ཚུགས་པ་དང་ཚོང་དོན་པུའུ་ཡིས་གཙོ་གཉེར་བྱས་པ་རེད།