ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    

    ཟླ་9ཚེས་8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་ནས《མཐུན་སྒྲིལ་མཉམ་ལས་ཀྱིས་འབད་འབུངས་མདུན་སྐྱོད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

    

    ཟླ་9ཚེས་8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་ནས《མཐུན་སྒྲིལ་མཉམ་ལས་ཀྱིས་འབད་འབུངས་མདུན་སྐྱོད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

    

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《མཐུན་སྒྲིལ་མཉམ་ལས་ཀྱིས་འབད་འབུངས་མདུན་སྐྱོད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

    པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་ས། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ། དེ་བཞིན་རྒྱ་གར་དང་ཨེ་ཙེ་ཨོ་ཕི་ཡ་བཅས་ཀྱི་འཐུས་མི་དབུ་ཚོགས་ལ་ཞུགས་ཡོད་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཚབས་ཆེན་ཐོན་བཞིན་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྐང་འཛིན་ཚོགས་སྤྱི་དང་པོ་ཡིན་པའི་ངོས་ནས་འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་འབོ་གསེར་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་དང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་། “འབོ་གསེར་ཆེན་པོའི་མཉམ་ལས”ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།

    ཞི་ཅིན་ཕིང་གིས་གྲོས་འགོ་གསུམ་བཏོན་གནང་བ་སྟེ།

    གཅིག ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས། ཕྱོགས་མང་རིང་ལུགས་ནི་མི་སེམས་གཏད་ཕྱོགས་དང་འཛམ་གླིང་གི་འཕེལ་ཕྱོགས་ཡིན་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་རྟེན་ས་གལ་ཆེན་ཞིག་ཡིན། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་བྱ་སྤྱོད་སྤེལ་བར་སྐུལ་འདེད་བཏང་སྟེ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཞིག་བསྐྲུན་རྒྱུ་དེ་ཡིན། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་ཕྱོགས་མང་རིང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད། ཕྱོགས་ཁག་གི་ཐོན་ཁུངས་སྐུལ་སློང་གང་ལེགས་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་བས་ཡག་པོ་གཅོག་དགོས།

    གཉིས། སྒོ་དབྱེ་གཉིས་ཕན་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ནི་སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད་པས། སུ་ཞིག་ཀྱང་རང་སྒོ་རང་རྒྱག་གི་ཁེར་ཆགས་གླིང་ཕྲན་དུ་ལོག་འདོད་མེད། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། སྒོ་དབྱེ་བྱེད་རིང་གོ་སྐབས་མཉམ་སྤྱོད་དང་གཉིས་ཕན་ཡོང་བར་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་སྲུང་སྐྱོང་བྱས་ཏེ་རྣམ་པ་མཐའ་དག་གི་སྲུང་སྐྱོང་རིང་ལུགས་བཀག་འགོག་བྱེད་དགོས། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ་འཕེལ་རྒྱས་དེ་ཉིད་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་བཞག་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དྲང་གཞག་ངང་རྒྱལ་སྤྱིའི་མཉམ་ལས་ལ་ཞུགས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    གསུམ། མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། འབོ་གསེར་རྒྱལ་ཁབ་མི་འབོར་གྱིས་འཛམ་གླིང་མི་འབོར་གྱི་ཕྱེད་ཀ་ཙམ་བཟུང་བ་དང་། དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་གི་30%ཙམ་བཟུང་བ། ཚོང་དོན་དངུལ་འབོར་གྱིས་འཛམ་གླིང་གི་ལྔ་ཆ་གཅིག་བཟུང་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཇི་ཙམ་དམ་ཟབ་བྱུང་ཚེ། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གདིང་ཤུགས་དེ་ཙམ་ཆེ་བ་དང་། བྱ་ཐབས་དེ་ཙམ་གྱི་མང་བ། ཕན་འབྲས་ཀྱང་དེ་ཙམ་གྱིས་ཡག་པ་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་གཞན་དག་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། རང་རང་སོ་སོའི་ལེགས་ཆ་འདོན་པ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་པོ་གཏོད་པ། “འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་རྨང་གཞི་དེ་བས་སྲ་བརྟན་དང་། སྒུལ་ནུས་དེ་བས་ཆེ་བ། ཤུགས་རྐྱེན་དེ་བས་ཆེ་བ་ཡོང་བར་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་པོ་དང་ཡག་པོ་ཐོབ་པར་བྱེད་དགོས།

    ཚོགས་ཞུགས་འགོ་ཁྲིད་པས་གསུངས་དོན། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་ཧམ་ཤེད་སྤྱོད་ངན་གྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་བཏང་བས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་འཇིགས་སྐུལ་ཕོག་སྟེ། ཚོང་དོན་དེ་ཉིད་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ལག་ཆར་གྱུར་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་གདང་སྦྲེལ་ཏེ་ཉམས་ཉེན་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་། རང་མོས་སྒོ་དབྱེའི་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ངོས་འཛིན་བྱས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ནི་གནད་ལ་འཁེལ་བ་ཞིག་ཡོད་པས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད། ཕྱོགས་ཁག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཅ་ཧྲ་ས་ཁུལ་གྱི་གདོང་གཏུག་སོགས་གླེང་མང་བའི་གནད་དོན་ལ་འབྲེལ་མཐུད་རྒྱུན་འཁྱོངས་བྱས་ནས་ཡུག་རེན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོའི”ཚོགས་ཆུང་གི་ནུས་པ་བཏོན་ཏེ། ཕ་ལེ་སི་ཐན་གནད་དོན་གྱི“རྒྱལ་ཁབ་གཉིས་པོའི་ཇུས་གཞི”ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་པ་རེད།