བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གླིང་དབར་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་ཐེངས་དགུ་པ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས5ཉིན་ནས་ཚེས6ཉིན་བར།བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གླིང་དབར་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་ཐེངས་དགུ་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད། ཐེངས་འདིའི་ཚོགས་འདུ་དེ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གཉེར་འགན་འཁུར་བ་ཞིག་ཡིན་པ་དང་།“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་ནས་སློབ་ཁྲིད་བྱེད་པའི་ལག་ལེན་དང་འཚོལ་ཞིབ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་།དེའི་དམིགས་ཡུལ་ནི་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལམ་ལུགས་དང་བོད་བརྒྱུད་ནང་བསྟན་སློབ་གླིང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་དེ་རེད།

    བོད་བརྒྱུད་ནང་བསྟན་མཚན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བོད་བརྒྱུད་ནང་བསྟན་མཚན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐོ་རིམ་ནང་བསྟན་སློབ་གླིང་དང་།ཡུན་ནན་ཞིང་ཨུ་བོད་འབྲེལ་ལས་དོན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཕེབས་ཡོད་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་ཚོགས་ཞུགས་མི་སྣས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་རེད།

    བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།ཁོང་གིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བདེ་ཆེན་དུ་འཚོགས་པ་དེ། ཡུན་ནན་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་།འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ།སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཁོང་གིས་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་ཉེ་བའི་ལོ་ཤས་རིང“སྔོན་བཞིའི”གྲུབ་འབྲས་ཐོབ་པ་དང་།སླད་ཕྱིན་བདེ་ཆེན་ཁུལ་གྱིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་རིམ་པ་གསུམ་པའི་མཚན་གནས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏིང་ཟབ་གཏོང་བ།ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ།སློབ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་རྒྱུ་ཞེས་ངོ་སྤྲོད་བྱས་པ་རེད།

    ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐོ་རིམ་ནང་བསྟན་སློབ་གླིང་གི་འགོ་ཁྲིད་ཀྱིས་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་དེ་བོད་འབྲེལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་རང་འགུལ་ངང་འགན་འཁྲི་འཁུར་དགོས།བོད་བརྒྱུད་ནང་བསྟན་སློབ་གླིང་གི་འགན་ནུས་ངེས་གནས་ལ་གཞི་ཚུགས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ།སློབ་གླིང་དང་སློབ་གྲྭའི་དབར་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཚན་གནས་སློབ་གསོའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་པ་རེད།

    འགོ་ཚུགས་མཛད་སྒོ་འཚོགས་རྗེས་ཚོགས་ཞུགས་སློབ་གླིང་ཁག་གིས་ཚོགས་འདུའི་བརྗོད་བྱ་གཙོ་བོར་དམིགས་ནས་སྤེལ་རེས་བྱས་པ་དང་།བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱིས་སློབ་གླིང་ཁག་གིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་གསན་རྗེས་སློབ་གླིང་ཁག་གིས་དེའི་ཐད་གྲོས་བསྡུར་དང་སྤེལ་རེས་གནང་བ་རེད།

    ཚོགས་འདུའི་ཐོག《བོད་བརྒྱུད་ནང་བསྟན་སློབ་གླིང་དབར་གྱི་སྤེལ་རེས་ལས་དོན་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》ལ་གྲོས་འཆམ་བྱུང་བ་དང་།བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གླིང་དབར་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་པའི་བརྗོད་དོན་གཙོ་བོ་དང་སྒྲུབ་འགན་འཁུར་བའི་སློབ་གླིང་ཁ་གསལ་བཏོན་ཡོད་པ་རེད།

    བོད་ལྗོངས་དང་།སི་ཁྲོན།ཀན་སུའུ།མཚོ་སྔོན།ནང་སོག་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་སློབ་གླིང་དང་དེ་བཞིན་འབྲེལ་ཡོད་ཡན་ལག་སློབ་གླིང་གི་འཐུས་མི་དང་བླ་མ་སྐྱེས་ཆེན།བདེ་ཆེན་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་།སྐུ་མགྲོན། དེ་བཞིན་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་སློབ་ཡོངས་ཚོགས་འདུར་ཞུགས་པ་རེད།