སྐར་མ་གཅིག་གི་ནང་དུ་ཚན་སྤེལ་ཟླ་བ་རྒྱུས་ལོན་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-04   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

རྒྱལ་ཡོངས་ཚན་སྤེལ་ཟླ་བ་བསླེབས་སོང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་སྤེལ་བཅའ་ཁྲིམས》

        (2002ལོའི་ཟླ6པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པར་གྲོས་འཆམ་བྱུང་ཞིང་། 2024ལོའི་ཟླ12པའི་ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་བཟོ་བཅོས་བྱས།)

ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་བདུན་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་དཔུང་སྟོབས་ཤུགས། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་སྡེ་ཁག  གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས། དེ་མིན་རྩ་འཛུགས་གཞན་དག་བཅས་ཀྱིས་ཚན་སྤེལ་བྱ་བ་བསྒྲུབ་དགོས་པ་དང་། རྣམ་པ་སྣ་ཚོགས་བརྒྱུད་ཚན་སྤེལ་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་ཆོག ལོ་རེའི་ཟླ9པ་ནི་རྒྱལ་ཡོངས་ཀྱི་ཚན་སྤེལ་ཟླ་བ་ཡིན། སྤྱི་དམངས་ལ་ཚན་སྤེལ་བྱ་འགུལ་ནང་ཞུགས་པའི་འགན་དབང་ཡོད།

རྒྱལ་ཡོངས་ཚན་སྤེལ་ཟླ་བ་ཇི་ལྟར་བྱུང་བ་ཡིན།

        2024ལོའི་ཟླ12པའི་ཚེས25ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཐོག་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་སྤེལ་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ལོ་རེའི་ཟླ9པ་རྒྱལ་ཡོངས་ཀྱི་ཚན་སྤེལ་ཟླ་བར་གཏན་འཁེལ་བྱས། ཐེངས་འདིའི་བཟོ་བཅོས་ནང་དུ་དེ་སྔའི“རྒྱལ་ཡོངས་ཚན་སྤེལ་ཉིན་མོ”དེ“རྒྱལ་ཡོངས་ཚན་སྤེལ་ཟླ་བ”རུ་སྤར་བ་དང་། བཟོ་བཅོས་རྒྱབ་ལྗོངས་ནང་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་དང་། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་ཚན་སྤེལ་དགོས་མཁོ་ལ་ལན་སྤྲད་པ། དེ་མིན་ཀྲུང་གོའི་ཚན་སྤེལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བཅས་ཚུད་པ་རེད།

རྒྱལ་ཡོངས་ཚན་སྤེལ་ཟླ་བ་ཡིས་ང་ཚོར་ཅི་ཞིག་ཁྱེར་ཡོང་ངམ།

        རྒྱལ་ཡོངས་ཚན་སྤེལ་ཟླ་བའི་བྱ་འགུལ་གྱི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། དྲ་ཐོག་དང་དྲ་འོག་མཉམ་འགུལ་གྱི་རྣམ་པའི་ཐོག་ནས། ཚན་རིག་ཤེས་བྱ་ཁྱབ་སྤེལ་བཏང་སྟེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན། དེ་ནི་རྒྱལ་ཁབ་ཀྱིས་ཚན་རིག་ཁྱབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེའི་ལྟེ་བའི་དམིགས་འབེན་ནི་གཅིག་བསྡུས་རང་བཞིན་དང་གཞི་ཁྱོན་ཅན་གྱི་ཚན་སྤེལ་བྱ་འགུལ་བརྒྱུད་ནས་ཚན་སྤེལ་བྱ་བའི“ཁ་ཐོར་ཅན”དང“སིལ་ཧྲུག་ཅན”གྱི་གནད་དོན་ཐག་གཅོད་བྱེད་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཚན་རིག་བྱང་ཚད་ཐད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ལ་ལན་སྤྲད་རྒྱུ་དེ་ཡིན།

ཤེས་བྱ།

        2024ལོའི་ཟླ12པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་རྒྱ་ཨང་ཞེ་གསུམ་པར་མིང་རྟགས་བཀོད་པ་དང་། གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་སྤེལ་བཅའ་ཁྲིམས》དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། ཐེངས་འདིའི་བཟོ་བཅོས་ནང་དེ་སྔའི་བཅའ་ཁྲིམས་ཀྱི་ལེའུ6དང་དོན་ཚན34ཡོད་པ་དེ་ལེའུ8དང་དོན་ཚན60ལ་རྒྱ་བསྐྱེད་བཏང་ཞིང་། དེའི་ནང་གཙོ་བོ་ཚན་སྤེལ་གྱི་སྤྱིའི་བླང་བྱ་དང་དམིགས་ཚད་ཁ་ཕྱོགས་ཞིབ་གསལ་དུ་གཏོང་བ་དང་། ཚན་སྤེལ་གྱི་སྤྱི་ཚོགས་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཚན་སྤེལ་བྱ་འགུལ་ལ་སྐུལ་འདེད་བྱེད་པ། ཚན་སྤེལ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ། འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ནང་དོན་ཚུད་ཡོད།