རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
སྤྱི་ཟླ9པའི་ཚེས1ཉིན་པར་དུ་སྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས17པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ལྗར་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་ལྡན་པའི་ལམ་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད》ཅེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2014ལོའི་ཟླ7པ་ནས2025ལོའི་ཟླ5པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གནད་བཏུས་བྱས་པ་ཡིན།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་ནི་ཉེ་རབས་ཚུན་ལ་ཀྲུང་གོའི་མི་དམངས་ཀྱིས་ཕྱིའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་རྒྱུན་མཐུད་དུས་ཡུན་ཆེས་རིང་ཞིང་གཞི་ཁྱོན་ཆེས་ཆེ་བ། ཚེ་སྲོག་བློས་གཏོང་བྱས་པ་ཆེས་མང་པའི་མི་རིགས་བཅིངས་འགྲོལ་འཐབ་འཁྲུག་ཅིག་ཡིན་ལ། ཐོག་དང་པོར་ཡོངས་སུ་རྒྱལ་ཁ་ཐོབ་པའི་མི་རིགས་བཅིངས་འགྲོལ་འཐབ་འཁྲུག་ཅིག་ཀྱང་ཡིན། ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་གི་རླབས་ཆེ་བའི་རྒྱལ་ཁས་ལྗར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་མི་སེར་སྤེལ་ཡུལ་གྱི་བྲན་གཡོག་ཏུ་བཀོལ་བའི་དམིགས་འབེན་ལྐོག་ཇུས་རྩ་གཏོར་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ནུས་ལྡན་སྒོས་སྲུང་སྐྱོང་བྱས་ཤིང་། ཉེ་རབས་ཚུན་གྱི་ཕྱིའི་བཙན་འཛུལ་ལ་ཐེངས་མང་པོར་འཐབ་ནས་ཕམ་ཁ་མྱངས་པའི་མི་རིགས་ཀྱི་ངོ་ཚ་རྩ་བ་ནས་མེད་པར་བྱས། ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་གི་རླབས་ཆེ་བའི་རྒྱལ་ཁ་དེས་ཀྲུང་གོའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་པོའི་གོ་གནས་ཡང་བསྐྱར་གཏན་འཁེལ་བྱས་ནས། ཀྲུང་གོའི་མི་དམངས་ལ་འཛམ་གླིང་གི་ཞི་བདེར་དགའ་བའི་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་ལ་བླ་ན་མཐོ་བའི་མི་རིགས་ཀྱི་མཚན་སྙན་ཐོབ། རླབས་ཆེ་བའི་རྒྱལ་ཁབ་འདི་ནི་ཀྲུང་ཧྭ་མི་རིགས་འདི་ཉིད་ཉེ་རབས་ཚུན་ལ་ཉེན་ཁ་ཆེན་པོར་ཚུད་པ་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་ལ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་དང་། འཛམ་གླིང་མི་དམངས་ཀྱི་རྒྱལ་ཁའང་ཡིན།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་གི་ནུས་པ་ནི་ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ལྗར་འགོག་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཡང་དག་པའི་འཐབ་ཇུས་ཀྱི་ཇུས་ཆོད་གཏན་འབེབས་བཟོས་པ། རྒྱ་ཆེའི་དགྲ་ཕྱོགས་འཐབ་ར་བཀོད་སྒྲིག་བྱས་པ་བཅས་ལྗར་འགོག་དམག་འཁྲུག་རྒྱུན་འཁྱོངས་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ལྗར་འགོག་རྒྱུན་འཁྱོངས་དང་མགོ་སྒུར་བར་ངོ་རྒོལ། མཐུན་སྒྲིལ་རྒྱུན་འཁྱོངས་དང་ཁ་ཐོར་ལ་ངོ་རྒོལ། ཡར་ཐོན་རྒྱུན་འཁྱོངས་དང་ཕྱི་སྣུར་ལ་ངོ་རྒོལ་བཅས་བྱས་ཏེ། རྒྱལ་གཅེས་ཏང་ཁག་གི་ཚོགས་པ་སོ་སོ་དང་རྒྱ་ཆེའི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་བྱས་ནས་ལྗར་འགོག་གི་སྤྱི་ཡོངས་ལ་སྲུང་སྐྱོང་བྱས། ཀྲུང་གོ་གུང་ཁྲན་ཏང་མིས་རང་ཉིད་ཀྱི་ཆབ་སྲིད་འདོད་ཚུལ་དང་། འདོད་བློ་བརྟན་པོ། དཔེ་སྟོན་འགུལ་སྐྱོད་བཅས་ལ་བརྟེན་ནས། མི་རིགས་ཚང་མ་ཉེན་ཁ་ལས་སྐྱོབ་པའི་རེ་བ་ཇེ་ཆེར་བཏང་ཞིང་། དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཏེ། དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་མི་རིགས་ཀྱི་གདོང་ལེན་པར་གྱུར་ཡོད།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནི་དྲང་གཞག་དང་ངན་རུལ། འོད་སྣང་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་བཅས་ཀྱི་འཐབ་འཁྲུག་ཆེན་པོ་ཞིག་ཡིན། སྡུག་རྩུབ་ཆེ་བའི་དམག་འཁྲུག་དེའི་ཁྲོད། ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་འགོ་རྩོམ་པའི་དུས་ཚོད་ཆེས་སྔ་ཞིང་རྒྱུན་མཐུད་དུས་ཡུན་ཆེས་རིང་བས། མི་རིགས་ཀྱི་བློས་གཏོང་ཆེན་པོར་བརྟེན་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁའི་གྲུབ་འབྲས་ལ་ཐེ་ཚོམ་ཅི་ཡང་བྱེད་མི་དགོས་ཏེ། མི་ཁྲི་མ་འབུམ་གྱིས་སྒེར་ཚུགས་དང་རང་དབང་། ཞི་བདེ་བཅས་ཀྱི་ཆེད་དུ་བློས་གཏོང་བྱས་པར་ཁས་ལེན་བྱེད་དགོས། མི་སུ་ཞིག་གིས་བཙན་འཛུལ་གྱི་ལོ་རྒྱུས་ཁས་མི་ལེན་པ་དང་། འཁྱོག་བཤད་ཡང་ན་ཡག་ལས་བྱེད་འདོད་ཚེ། ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་གཏན་ནས་ཁས་ལེན་མི་སྲིད། འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་དར་སྤེལ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་གོ་གནས་ལ་སྲུང་སྐྱོབ་བྱས་ཏེ། བློ་རྩ་བརྟན་པོས་འཁྲུག་ཆེན་ཐེངས་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་གི་འཕེལ་རིམ་ཁྲོད། རླབས་ཆེ་བའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་གྲུབ་པ་དང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ལ་གནམ་འོག་གི་དར་རྒུད་དེ་མི་རེ་རེར་འགན་འཁྲི་ཡོད་པའི་རྒྱལ་གཅེས་བརྩེ་སེམས་དང་། རང་སྲོག་བཏང་རུང་གཏན་ནས་མགོ་མི་སྒུར་བའི་མི་རིགས་ཀྱི་དཔའ་གདེང་། བཙན་ཤུགས་ལ་མི་སྐྲག་པར་འཐབ་འཛིང་བྱེད་པའི་དཔའ་བོའི་དཔའ་ཉམས། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁའི་འདུ་ཤེས་བཅས་མངོན་པར་བྱས། རླབས་ཆེ་བའི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་ཡོད་ཚད་ཁྱད་དུ་བསད་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་འབད་འཐབ་བྱེད་པར་སྐུལ་བའི་བསམ་པའི་སྒུལ་ཤུགས་དྲག་པོའང་ཡིན། རླབས་ཆེ་བའི་ལྗར་འགོག་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཀའ་ཁག་ཡོད་ཚད་ཁྱད་བསད་བྱས་ཏེ་དཀའ་ཁག་ལ་མགོ་མི་སྒུར་བའི་ཆོད་སེམས་དང་སྤོབས་པར་བརྟེན་ནས། འཐབ་རྩོད་བྱེད་ཕོད་པ་དང་གསར་སྐྲུན་བྱེད་མཁས་པར་བྱས་ཏེ། སྙིང་རུས་ལྷོད་མེད་སྒོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱས་ནས་ཆེས་མཐའ་མཇུག་གི་རྒྱལ་ཁ་ལེན་པར་འབད་འཐབ་བྱེད་དགོས།།