ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-04   རྩོམ་ཁུངས།    མི་དམངས་དྲ་བ།

ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་པ།

    ཟླ་9ཚེས་3ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

    ཟླ་9ཚེས་3ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཟིགས་སྦྲེང་དཔུང་སྡེར་གཟིགས་ཞིབ་གནང་བཞིན་པ།

    ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་རེད། འདི་ནི་རྐང་ཐང་རུ་སྟར་གྲུ་བཞིས་གཟིགས་ཞིབ་དང་ལེན་ཞུ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། དམག་གཟིགས་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཏེ་འཛམ་གླིང་མི་དམངས་དང་མཉམ་དུ་རླབས་ཆེན་གྱི་ཉིན་མོ་དེར་དྲན་གསོ་ཞུས་ནས་ཐུན་མོང་ཐོག་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་གཟིགས་སྦྲེང་དཔུང་སྡེར་གཟིགས་ཞིབ་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཚོགས་ཆེན་ལ་ཞུགས་པ་རེད། ཕྱིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་སྐུ་ཚབ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དེ་སྔའི་སྲིད་ཕྱོགས་མི་སྣ་གལ་ཆེན་སོགས་མི་སྣ་61ཚོགས་ཆེན་ལ་ཞུགས་པ་རེད།

    སྔ་དྲོའི་ཆུ་ཚོད་8དང་སྐར་མ་35ཡི་ཐོག ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་ལྷན་དུ་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་དུ་ཕེབས་ཤིང་། ཞི་ཅིན་ཕིང་གིས་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་བྱམས་བརྩེའི་ཕྱག་བཏང་གནང་ནས་ཁོང་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད།

    ཆུ་ཚོད་8དང་སྐར་མ་55ཡི་ཐོག ཞི་ཅིན་ཕིང་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཡང་སྟེང་གི་ཀྲུའུ་ཞིའི་སྡིངས་ཆར་ཕེབས་ཤིང་། སྐབས་དེར་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྟར་དུ་གྲགས།

    གློག་རྡུལ་བརྙན་ཤེལ་ནས་1945དང་། 1955 1965……2025བཅས་ཀྱི་ལོ་གྲངས་རིམ་བཞིན་མངོན། ཆུ་ཚོད་9པ་ཏག་ཏག་ལ་དུས་བརྡའི་ཅོང་སྒྲ་གྲགས་པ་དང་བསྟུན་ནས་དྲན་གསོའི་ཚོགས་ཆེན་འགོ་ཚུགས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དེ་རིང་ང་ཚོས་འདུ་འཛོམས་གཟབ་རྒྱས་བྱས་ནས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ཞི་བདེ་གཅེས་སུ་འཛིན། འབྱུང་འགྱུར་གསར་དུ་གཏོད་བཅས་བྱ་ཆེད་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་རྒྱལ་ཡོངས་ཀྱི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རྒྱལ་གཅེས་མི་སྣ། རི་འགོག་དམག་དཔོན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་དང་། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱས་པར་རོགས་སྐྱོར་དང་རོགས་རམ་གནང་མྱོང་བའི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ། དེ་རིང་གི་ཚོགས་ཆེན་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་དཀའ་སྤྱད་ཚད་མེད་ཀྱི་རླབས་ཆེན་དམག་འཁྲུག་ཅིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་དར་སྤེལ་བཏང་ནས་བཙུགས་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག ཀྲུང་གོ་མི་དམངས་ཀྱིས་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དགྲ་བོ་སྟོབས་ཆེན་དང་འཐབ་པ་དང་ཤ་ཁྲག་གི་ཕུང་པོའི་ལྕགས་རི་རིང་པོ་བརྩེགས་པ་བརྒྱུད། ཉེ་རབས་ཚུན་དུ་ཕྱི་རོལ་གྱི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་རྒྱལ་ཁ་ཐེངས་དང་པོ་ཡོངས་སུ་བླངས་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་མྱུར་སྐྱོབ་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལོ་རྒྱུས་ཀྱིས་ང་ཚོར་མིའི་རིགས་ཀྱི་ལས་དབང་ནི་སྐྱིད་སྡུག་མཉམ་མྱོང་ཡིན་པས། རྒྱལ་ཁབ་ཁག་དང་མི་རིགས་ཁག་དབར་ཕན་ཚུན་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པ། ཕན་ཚུན་ལྟ་སྐྱོང་བཅས་བྱས་ཚེ་གཞི་ནས་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་ཐུབ་པ་དང་། དམག་འཁྲུག་གི་འབྱུང་རྩ་མེད་པར་བཟོས་ཏེ། ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་ཟློས་མི་བྱེད་པའི་ཉེན་བརྡ་བཏང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ནི་བཙན་ཤུགས་ལ་མི་སྐྲག་པ་དང་རང་ཚུགས་རང་དར་བྱེད་པའི་རླབས་ཆེན་གྱི་མི་རིགས་ཤིག་རེད། སྔོན་མ་དྲང་བདེན་དང་སྡུག་རུལ་དང་། འོད་ཟེར་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་བཅས་ཀྱི་ཤི་གསོན་གྱི་འགྲན་རྩོད་མདུན་དུ། ཀྲུང་གོ་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་དཔའ་ངར་ཆེར་སྐྱེད་ཀྱིས་འགོག་རྒོལ་བྱས་ཏེ། རྒྱལ་ཁབ་ཀྱི་འཚོ་གནས་དང་། མི་རིགས་ཀྱི་བསྐྱར་དར། མིའི་རིགས་ཀྱི་དྲང་བདེན་བཅས་ཀྱི་ཆེད་འཐབ་འཛིང་བྱས་ཡོད། ད་ཆ། མིའི་རིགས་ལ་སླར་ཡང་ཞི་བདེའམ་དམག་འཁྲུག་དང་། གླེང་མོལ་ལམ་འགྲན་རྒོལ། གཉིས་ཕན་ནམ་རྒྱལ་ཕམ་བཅས་ཀྱི་གདམ་ག་འཕྲད་ཡོད། ཀྲུང་གོ་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་བཞིན་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དམག་དཔུང་ཞིག་རེད། དེས་ན་དམག་ཡོངས་ཀྱི་དཔོན་དམག་ཚོས་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་མགྱོགས་མྱུར་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་པ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

    མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་འགོག་ཐབས་མེད། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་རེད། (གསུང་བཤད་ཆ་ཚང་ཟུར་དུ་བཀོད་ཡོད)

ཞི་ཅིན་ཕིང་གིས་གསུང་བཤད་གནང་མཇུག་འགྲིལ་རྗེས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

    ཆུ་ཚོད་9དང་སྐར་མ་15ཡི་ཐོག དམག་གཟིགས་མཛད་སྒོ་འགོ་ཚུགས་པ་དང་། དཔེ་དམག་གི་གྲ་སྒྲིག་ཨང་བསར་ཟིན་པ། དམག་དཔུང་གི་རོལ་ཆ་ཚོགས་པས་དམག་གཟིགས་མཛད་སྒོའི་དུང་བརྡ་བཏང་བ་རེད། ཞི་ཅིན་ཕིང་དར་དམར་རྟགས་ཅན་གྱི་གཟིགས་ཞིབ་རླངས་འཁོར་ལ་བཞུགས་ནས་ཅིན་ཧྲུའེ་ཟམ་པ་བརྒྱུད་ཁྲང་ཨན་ཁྲོམ་གཞུང་དུ་ཕེབས་སྐབས། དམག་གཟིགས་སྤྱི་ཁྱབ་བཀོད་འདོམས་པ་ཧན་ཧྲེང་ཡན་གྱིས་གཟིགས་སྦྲེང་དཔུང་སྡེ་རུ་སྟར་བསྒྲིགས་ཟིན་ཞེས་སྙན་སེང་ཞུས། ཞི་ཅིན་ཕིང་གིས་གཟིགས་ཞིབ་འགོ་འཛུགས་རྒྱུའི་བཀའ་བཏང་བ་རེད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་གཟིགས་སྦྲེང་དཔུང་སྡེའི་མདུན་ཤོས་སུ་འཁོད་པ་དང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཏང་དར་དང་། རྒྱལ་དར། དམག་དར་བཅས་ཀྱི་མདུན་དུ་ཕེབས་ནས་དར་ཆར་མིག་འདུད་ཞུས་པ་རེད།

    རྔམ་བརྗིད་ལྡན་པའི་དམག་དཔུང་གི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ། ཡངས་ཤིང་རྒྱ་ཆེ་བའི་ཁྲང་ཨན་ཁྲོམ་གཞུང་བརྒྱུད་རྐང་ཐང་རུ་སྟར་གྲུ་བཞི་13དང་། དམག་དར་རུ་སྟར་གྲུ་བཞི་1 གོ་མཚོན་སྒྲིག་ཆས་རུ་སྟར་གྲུ་བཞི་22བཅས་ལ་རིམ་བཞིན་གཟིགས་ཞིབ་གནང་བ་དང་། གཟིགས་སྦྲེང་དཔུང་སྡེའི་རྣམ་འགྱུར་སྒམ་བརླིང་ལྡན་ལ་དཔའ་ཉམས་དོད་ཅིང་། ལྕགས་ཁྲབ་འཐབ་འཁོར་གྲལ་སྟར་འགྲིག་ལ་རྔམ་བརྗིད་ལྡན། དེ་ནི་མི་དམངས་དཔུང་སྡེས་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་འབད་འབུངས་མདུན་སྐྱོད་བྱས་པའི་རྣམ་པ་གསར་རྐྱང་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་བསྒྲགས་གཏམ་ཞིག་ཀྱང་རེད།

    “བློ་མཐུན་ཚོ་ཁམས་བཟང” “བློ་མཐུན་ཚོ་དཀའ་ལས་ཁག་སོང”ཞེས་པའི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་ལས་དམག་དཔུང་གི་ངར་ཤུགས་རབ་ཏུ་འཕེལ། “ཀྲུའུ་ཞི་ལགས་སྐུ་ཁམས་བཟང” “མི་དམངས་ལ་ཞབས་འདེགས་ཞུ”ཞེས་གཟིགས་སྦྲེང་དཔོན་དམག་ཚོའི་དཔའ་ཉམས་དོད་ལ་སྐད་གསང་མཐོན་པོའི་འབོད་ལན་ལྷང་ལྷང་དུ་གྲགས། ཞི་ཅིན་ཕིང་གཟིགས་ཞིབ་རླངས་འཁོར་ལ་བཞུགས་ནས་གནམ་བདེ་སྒོ་མོ་ཆེར་ཚུར་ལོག་གནང་སྐབས། གཟིགས་སྦྲེང་དཔོན་དམག་ཚོས་མཉམ་དུ“ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ངེས་ཡིན་པ། སྤྱོད་ཚུལ་ལེགས་པ” “དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་དང་། ཞི་བདེར་རྒྱལ་ཁ་ཐོབ་ངེས། མི་དམངས་ལ་རྒྱལ་ཁ་ཐོབ་ངེས”བཅས་ཡིན་ཞེས་སྐད་གསང་མཐོན་པོས་བསྒྲགས།

    ཐེངས་འདིའི་དམག་གཟིགས་ཁྲོད་ཁྱོན་བསྡོམས་རུ་སྟར་45ཡིས་གཟིགས་ཞིབ་དང་ལེན་ཞུས་ཤིང་། གོ་མཚོན་སྒྲིག་ཆས་མང་ཆེ་བ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་ལས་རི་འགོག་དཔའ་བོའི་དཔུང་སྡེའི་སྙིང་སྟོབས་རྒྱུན་འཛིན་གང་ལེགས་བྱས་པ་མཚོན་གྱི་ཡོད་ལ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཉམས་འགྱུར་གསར་པ་དང་། སྟོབས་ཤུགས་སྒྲིག་གཞིའི་བཀོད་སྒྲིག་གསར་པ། དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ། དམག་གྲབས་དམག་རྒྱག་གི་ཕན་འབྲས་གསར་པ་བཅས་གང་ལེགས་མཚོན་གྱི་ཡོད།

    ཞི་ཅིན་ཕིང་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་དགའ་བསུ་ཡང་ཡང་ཞུས་པ་དང་ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས།

    ཞི་བདེའི་ཕུག་རོན་ཁྲི་བརྒྱད་དང་ལྒང་ཕུག་ཁྲི་བརྒྱད་མཁའ་དབྱིངས་སུ་གློད། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་ངར་ཤུགས་འཕེལ་བའི་རོལ་དབྱངས་ཐང་ཆེན་ཡོངས་སུ་གྲགས། ཞི་ཅིན་ཕིང་སོགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་ལ་གུས་ལན་ཡང་ཡང་གནང་བ་དང་། ཐང་ཆེན་གྱི་ཕྱི་ནང་གང་སར་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས།

    ཚོགས་ཆེན་ལ་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་རྩ་དྲུག་འགོར་བ་དང་། སྔ་དྲོའི་ཆུ་ཚོད་10དང་སྐར་མ་26གི་ཐོག་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།

    ཚོགས་ཆེན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཏོན་མོན་ཕྱི་རོལ་གྱི་ཐང་ཆེན་དུ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་ཁོང་ཚོའི་སྐུ་ཟླར་བསུ་བ་ཞུས་པ་མ་ཟད། ཁོང་ཚོ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    ཚོགས་ཆེན་ལ་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་གྱི་གྲས་སུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་61དང་། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་རིམ་པའི་སྐུ་ཚབ་ཀྱང་ཡོད་པ་རེད།