ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-01   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས(འཆར་ཟིན)》ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བསམ་བློ་ཆབ་སྲིད་ལས་དོན་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་། ཁྱད་ཆོས་མངོན་གསལ་དོད་པ། ཆབ་སྲིད་ཀྱི་ལེགས་ཆ་མངོན་གསལ་དོད་པ་བཅས་ཡིན་པས《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》བཟོས་ནས་བཏོན་པ་དེ་ཏང་གིས་བསམ་བློ་ཆབ་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་ཆབ་སྲིད་ལས་དོན་གྱི་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བསམ་བློ་ཆབ་སྲིད་ལས་དོན་གྱི་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ཏེ་བློ་སྒྲིལ་སེམས་སྐྱེད་ཡོང་རྒྱུ་ཨང་དང་པོར་འཇོག་པ་མཐའ་འཁྱོངས་ཀྱིས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ལྟེ་བར་བརྩི་བ་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་སྦྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ཡིད་ཆེས་བརྟན་གཏོང་། བློ་སྟོབས་འཕེལ་བ་བཅས་ཡོང་བ་བྱེད་དགོས། དུས་བབ་གསར་པའི་འོག་གི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས། སྤྱི་ཚོགས་ཚོགས་སྤྱིའི་འཕེལ་རྒྱས་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཏང་གིས་བསམ་བློ་ཆབ་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས། ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཡོན་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས། རང་དཔེ་གཞན་སྟོན་གྱིས་བསམ་བློ་ཆབ་སྲིད་ལས་དོན་སྤེལ་ཏེ་བསམ་བློ་ཆབ་སྲིད་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》བཟོས་ཤིང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བྱ་ཐབས་བརྒྱུད། མི་རིགས་ལས་དོན་ཁྲོད་ཏང་ལ་ཐོབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་དག་རྒྱལ་ཁབ་ཀྱི་བློ་སྟོབས་སུ་འགྱུར་བར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བར། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཅས་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་ཀྱི་ཇུས་གཞི་བཟོས་ནས་འདོན་པ་དང་ལག་བསྟར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁྲིམས་ལྟར་མི་རིགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་འགོག་ཟོན་གྱི་ལས་དོན་ཁག་ལ་སྔར་བས་དམ་འཛིན་བྱེད་པའི་ཐད་བླང་བྱ་བཏོན་ཞིང་། ཚོགས་འདུའི་ཐོག་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། འཕེལ་རྒྱས་གཏོང་ཆེད་བདེ་འཇགས་བློས་གཏོང་བྱེད་མི་རུང་བའི་མཐའ་ཚད་བརྟན་པོར་སྲུང་དགོས། བདེ་འཇགས་ཀྱི་ཉེན་ཁ་གནད་སྨིན་ངང་འགོག་ཟོན་དང་བསལ་ནས། ཉེན་སེལ་གུད་སྐྱོབ་དང་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་བཀོད་སྒྲིག་འོས་འཚམ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་འགོག་ཟོན་གྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་དེ་བས་སྤྱི་འདོམས་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།