རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-01   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད།
《བསམ་འཆར》ནང་བསྟན་དོན། གྲོང་ཁྱེར་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་གཞི་རྟེན་གལ་ཆེན་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་བར་མཐོངས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕར་མགྱོགས་པའི་དུས་ནས་འཕེལ་རྒྱས་བརྟན་པོ་འགྲོ་བའི་དུས་སུ་འགྱུར་བཞིན་ཡོད་པ་དང་། གྲོང་ཁྱེར་འཕེལ་རྒྱས་དེ་གཞི་ཁྱོན་ཆེ་བའི་འཕར་ཚད་དང་རྒྱ་སྐྱེད་དུས་མཚམས་ནས་གསོག་འབོར་དང་སྤུས་འབྲས་ལེགས་གཉེར་གཙོ་བོར་བྱེད་པའི་དུས་མཚམས་དུ་འགྱུར་བཞིན་ཡོད།
《བསམ་འཆར》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་ནན་ཏན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་མཐའ་འཁྱོངས། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ལྡན། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་བསྐྲུན་རྒྱུ་དམིགས་ཚད་དུ་འཛིན་པ། གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་གོང་འཕེལ་མཐའ་འཁྱོངས་བྱ་རྒྱུ་གཙོ་རྐང་དུ་འཛིན་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བ། གྲོང་ཁྱེར་གྱི་གྲུབ་ཆ་ལེགས་འགྱུར་དང་། འགུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་། ལྗང་མདོག་ཕྱོགས་སྒྱུར། རིག་གནས་རྒྱུན་འཛིན། བཅོས་སྐྱོང་ཕན་ཆེ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་ཁྱེར་གྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་དགོས།
《བསམ་འཆར》ནང་བསྟན་དོན། གྲོང་ཁྱེར་འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་ནས་མི་རྩ་བར་འཛིན་རྒྱུར་དེ་བས་མཐོང་ཆེན་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་ལེགས་བསྡུས་ནུས་ཆེར་དེ་བས་མཐོང་ཆེན། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཁྱད་ལྡན་འཕེལ་རྒྱས་ལ་དེ་བས་མཐོང་ཆེན། གྲོང་ཁྱེར་གྱི་ལས་ཀའི་གཙོ་གནད་བསྒྱུར་ནས་བཅོས་སྐྱོང་ལ་མ་དངུལ་གཏོང་བར་དེ་བས་མཐོང་ཆེན། གྲོང་ཁྱེར་གྱི་ལས་ཀའི་བྱ་ཐབས་བསྒྱུར་ནས་སྤྱི་འདོམས་མཐུན་སྦྱོར་ལ་དེ་བས་མཐོང་ཆེན་བཅས་བྱེད་དགོས།
དམིགས་ཚད་གཙོ་བོ་ནི། 2030ལོར་སླེབས་སྐབས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་བྱུང་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྲིད་ཇུས་དང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་སུ་འགྲོ་བ། མིའི་འཚོ་སྡོད་སྤུས་ཚད་ལེགས་སུ་མངོན་གསལ་དོད་པོ་འགྲོ་བ། ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་ཐུབ་པ། བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་ནུས་ལྡན་འགྲོ་བ། རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པ། བཅོས་སྐྱོང་ཆུ་ཚད་མཐོ་རུ་ཆེས་ཆེར་འགྲོ་བ་བཅས་བྱ་རྒྱུ་དང་། 2035ལོར་སླེབས་སྐབས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྤྱིར་ན་སྐྲུན་ཐུབ་པ་བྱ་རྒྱུ་དེ་རེད།
《བསམ་འཆར》ནང་། ད་དུང་དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་འཚོ་བའི་བར་མཐོངས་གཏོད་པ། གྲོང་ཁྱེར་འཕེལ་རྒྱས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་བདེ་འཇགས་མཉེན་ཤེད་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད་པ་རེད།