རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8པའི་ཚེས་21ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་འཚོགས་པ། བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཚོགས་ཆེན་གྱི་ཐད་གཏོང་ལ་ཧུར་ཐག་བལྟས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྐུལ་མ་ཐེབས་པའི་དུས་མཚུངས་སུ་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་ཁྱབ་ཁོངས་སུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་ཕྱིར་དྲན་ཟབ་མོ་གནང་ཡོད། གནམ་གྲུ་དང་།མྱུར་བགྲོད་གཞུང་ལམ།མྱུར་བགྲོད་ལྕགས་ལམ་བཅས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་པའི་འགྲིམ་འགྲུལ་དྲ་བས་བདེ་ཆེན་གྱི་འཕེལ་རྒྱས་རྣམ་པ་བསྐྱར་དུ་གཏོད་བཞིན་ཡོད་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ།ཁུལ་ཡོངས་ཀྱི་མི་དམངས་ཡིད་ཆེས་ཀྱིས་ཁེངས་པའི་ངང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་ལྕག་སྐུལ་བྱེད་བཞིན་ཡོད།
སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ནས་གྲོང་མི་དང་ཡུལ་སྐོར་བ་ཕྱིར་སྐྱོད་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ཀོང་ཏུང་ནས་ཡོང་བའི་ཁང་འཁོར་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་སུའུ་ཏེ་ཆོན་གྱིས་བདེ་ཆེན་འགྲིམ་འགྲུལ་གྱི་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ།“དེ་སྔོན་ཏ་ལི་ནས་སེམས་ཀྱི་ཉི་ཟླའི་བར་རིམ་པ་གཉིས་པའི་གཞུང་ལམ་ལས་བདམས་མེད།ལམ་བར་དུ་ངལ་གསོ་ཆུ་ཚོད་བདུན་བརྒྱད་ཙམ་རྒྱག་དགོས་ཀྱི་ཡོད་པ། རླངས་འཁོར་མང་བ་དང་རླངས་འཁོར་འགག་པའི་གནས་ཚུལ་ཐོན་སླ་པོ་ཡོད། ད་ཐེངས་ང་ཚོས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་རྒྱུའི་གདམ་ག་བྱས་ནས།ཆར་དུས་སུ་ཡང་ཤར་གཏོང་ཐུབ་པས་སྟབས་བདེ་པོ་འདུག”ཅེས་བཤད།
“ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་ཡོད།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་ནས་བདེ་ཆེན་མྱུར་བགྲོད་དུས་རབས་སུ་དངོས་སུ་སྐྱོད་འགོ་ཚུགས་པ་མཚོན་པ་དང་།ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་ས་ཁོངས་ཀྱི་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་མངོན་གསལ་དོད་པོ་བརྒྱབ་ཡོད།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བདེ་ཆེན་གྱི་མྱུར་བགྲོད་ལྕགས་ལམ་དུས་རབས་འགོ་ཚུགས་པ་དང་།མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད།བེ་ཤ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལྕགས་ལམ་བརྒྱུད་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་བསྐྱོད་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།”ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཙུའི་ཁོངས་མི། ཅུས་ཀྲང་གཞོན་པ་ཀྲའོ་ཝེ་ཡིས་“གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད།མིག་སྔའི་བར་ཁུལ་ཡོངས་ཀྱི་སྒྲིག་ཁོངས་གྲོང་ཚོ་197ལ་ཨར་འདམ་ལམ་དང་།སྦྲག་སྲིད་ཤར་གཏོང་།འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བཅས་ཀྱི100%གསུམ་མངོན་འགྱུར་བྱུང་བ་དང་།ཤང་དང་གྲོང་རྡལ་གྱི་མྱུར་སྐྱེལ་དྲ་ཚུགས་ཁྱབ་ཚད་100%ཟིན་པ།གྲོང་ཚོ་རིམ་པའི་མྱུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སྲིད་འཛིན་གྲོང་ཚོ་61.88%ལ་ཁྱབ་པ་བཅས་བྱུང་ནས་ཕྱིར་སྐྱོད་དཀའ་བའི་གནད་དོན་རྩ་བའི་ཆ་ནས་ཞི་ལྷོད་དུ་སོང་སྟེ་གྲོང་གསེབ་དར་རྒྱས་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད”ཅེས་བཤད།ཀྲའོ་ཝེ་ཡིས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་མཚམས་སུ་སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ་དང་།འབའ་ལུང་ནས་ཅུས་ཏན་བར་གྱི་གཞུང་ལམ་གྱི་ས་དམ་དུམ་བུ་སོགས་མཐུད་སྐྲུན་རྣམ་གྲངས་མགྱོགས་སུ་བཏང་ནས་ཡུས་ཤིས་ནས་འབའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་སྔ་ཙམ་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་མ་ཟད།“ལོ་ལྔ་ཚན་བཅོ་ལྔ་པའི”འགྲིམ་འགྲུལ་འཆར་འགོད་ཧུར་ཐག་བཟོས་ཏེ་G0613ཡུན་བོད་མྱུར་བགྲོད་གཞུང་ལམ་དང་ཡུན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་གོང་རིམ་གྱི་འཆར་འགོད་ནང་འཇུག་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་ནི་བདེ་ཆེན་གྱི་འགྲིམ་འགྲུལ་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་པས་བདེ་ཆེན་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་བ་རེད། མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཡུལ་སྐོར་ལས་རིགས་ལའང་གསོན་ཤུགས་གསར་པ་བསྣན་ཡོད།“མྱུར་བགྲོད་ལྕགས་ལམ་ལ་བསྡད་དེ་བདེ་ཆེན་དུ་ཡུལ་སྐོར་བྱེད”ཅེས་པ་དེ་གདམ་ག་མང་ཤོས་ཤིག་ཏུ་གྱུར་ནས་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་སྟེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ“ཡུལ་སྐོར་བ་ཉུང་བའི་དུས་སུ་ཡུལ་སྐོར་བ་མི་ཉུང་བ།ཡུལ་སྐོར་བ་མང་བའི་དུས་སུ་ཡུལ་སྐོར་བ་དེ་བས་མང་བའི་དུས་སུ་སླེབས་རྒྱུར”སྐུལ་འདེད་བཏང་སྟེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་གཏོང་ཡོད་པ་རེད།
ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་སེམས་ཀྱི་ཉི་ཟླའི་བབས་ཚུགས་སུ་འགྲུལ་པ་མང་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། 2025ལོའི་ཟླ་8ཚེས་22ཉིན་བར་བབས་ཚུགས་དེས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་400ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད་པ་རེད། “ང་ཚོ་གནམ་གྲུར་བསྡད་ནས་སེམས་ཀྱི་ཉི་ཟླར་འབྱོར་བྱུང་། སྒུལ་འཁོར་ལ་བསྡད་དེ་ས་དམ་དང་། ཏ་ལི། ཁུན་མིང་བཅས་སུ་ཡུལ་སྐོར་ལ་འགྲོ་རྩིས་ཡོད། སེམས་ཀྱི་ཉི་ཟླར་དྲ་འབོད་རླངས་འཁོར་དང་རླངས་འཁོར་གླས་ནས་ཕྱིར་སྐྱོད་སྐབས་ཧ་ཅང་སྟབས་བདེ་པོ་འདུག དམངས་སྲོལ་གནས་ཚང་གི་སྐྱེལ་བསུའི་ཞབས་ཞུ་དེས་མི་རྣམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་གྱི་ཡོད་པས་ང་ཚོར་བློ་ཡིད་ཚིམ་པོ་བྱུང་ཡོད་”ཅེས་ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་ཞུས་ཧྲའོ་དབྱིས་བཤད།
“ཤར་གཏོང་ཐུབ་མ་ཐག་པའི་དུས་སུ་སེམས་ཀྱི་ཉི་ཟླའི་བབས་ཚུགས་ཀྱིས་ཉིན་ལྟར་མེ་འཁོར་ཆ་4གཏོང་ཡོད། འགྲུལ་པ་མང་དུ་ཕྱིན་པ་དང་བསྟུན་ནས་མིག་སྔར་ཉིན་རེར་མེ་འཁོར་ཆ་10གཏོང་ཡོད་པ་དང་ཐད་ཀར་ཏ་ལི་དང་།ས་དམ། ཁུན་མིང་། ཁྲེང་ཏུའུ་སོགས་གྲོང་ཁྱེར་མང་པོར་འབྱོར་ཐུབ་”ཅེས་སེམས་ཀྱི་ཉི་ཟླའི་བབས་ཚུགས་ཀྱི་ལས་རེས་ཀྲན་ཀྲང་སུན་ཅུན་གྱིས་ངོ་སྤྲོད་བྱས། 2025ལོའི་དབྱར་ཁར། སེམས་ཀྱི་ཉི་ཟླས་ཉིན་རེར་ཆ་སྙོམས་ཧྲེ་ཧྲི་ཏུའུ་19ཟིན་པའི་གནམ་གཤིས་དེ་ཚ་གཡོལ་བྱ་ཡུལ་དུ་གྱུར་ནས་གངས་ལྗོངས་ས་མཐོའི་ཉམས་འགྱུར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། ཟླ་8པའི་ཚེས་22ཉིན་བར་དབྱར་ཁའི་གུང་གསེང་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་50ཟིན་པ་དང་ཉིན་གཅིག་ལ་མང་ཤོས་ལ་མི་ཐེངས་14976ཟིན་གྱི་ཡོད།”གོམ་སྟབས་རྗེས་མར་མེ་འཁོར་བབས་ཚུགས་ཀྱིས་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་།བབ་བསྟུན་ངང་མེ་འཁོར་བཏང་ནས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་འགྲིམ་འགྲུལ་ལེགས་སུ་གཏོང་བ་བཅས་བྱས་ནས“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་ཏེ་སྐད་ཆ་མང་བའི་ཞབས་ཞུ་དང་ས་མཐོའི་ཁྱད་ལྡན་སྒྲིག་བཀོད་རིམ་སྤོར་བྱེད་པ་དང་།“འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འབྲེལ”ཟབ་ཏུ་བཏང་ནས་འགྲུལ་པ་བདེ་འཇགས་དང་། སྟབས་བདེ། བག་ཕེབས་བཅས་ཀྱི་སྒོ་ནས་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
2021ལོ་ནས་བཟུང་བདེ་ཆེན་ཁུལ་དང་ཧྲུན་ཧྥུང་མྱུར་འདྲེན་མཉམ་ལས་བྱས་ཏེ་བེ་ཤའི་ཟོག་འདྲེན་འཕྲུལ་འཁོར་ཡོངས་ཀྱི་ཆེད་ལམ་ཤར་གཏོང་ཐུབ་པ་དང་། རྒྱལ་ཡོངས་སུ་བེ་ཤའི་ཟོག་འདྲེན་འཕྲུལ་འཁོར་ཁོ་ན་ཤར་གཏོང་ཐུབ་པའི་ཡན་ལག་ལམ་ཐིག་གནམ་ཐང་ཡིན་པའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་གིས་བེ་ཤའི་རིགས་སོས་པ་ཚང་མ་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཕུར་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔའི་བར་བེ་ཤའི་ཏུན་2000ཙམ་སྐྱེལ་འདྲེན་བྱས་ཡོད།
“བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་གིས་1999ལོའི་ཟླ་4པར་དངོས་སུ་ཤར་གཏོང་ཐུབ་ཡོད། ལོ་26རིང་།གནམ་ཐང་ཁུལ་ནང་གི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་པས་མཁའ་ལམ་དྲ་རྒྱ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། ཁྲུང་ཆིང་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་གཅིག་རྗེས་གཉིས་མཐུད་ངང་ཐད་འཕུར་རམ་ཡང་ན་བར་བརྒྱུད་ངང་འགྲུལ་བཞུད་བྱས་ཏེ་ཡུལ་སྐོར་བའི་འགྲོ་སྐྱོད་གདམ་ག་ཕུན་སུམ་ཚོགས་སུ་བཏང་ཡོད་”ཅེས་གནམ་ཐང་ཏང་ཨུའི་ཧྲུའུ་ཅི་ལན་ཅེ་ཧྲེང་གིས་བཤད། “མིག་སྔའི་བར་གནམ་ཐང་གིས་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་843ལྷག་ཙམ་དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་འདྲེན་བྱེད་ཚད་ཏུན་ཁྲི་1.7ལྷག་ཙམ་ཟིན་ཡོད། 2001ལོར་གནམ་ཐང་གིས་ཁྲེང་ཏུའུ་—བདེ་ཆེན—ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་བྱས་ཏེ་རིག་གནས་སྤེལ་རེས་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད། མཁའ་ལམ་རྒྱ་སྐྱེད་དང་སྒྲིག་བཀོད་རྒྱུན་མཐུད་རིམ་སྤོར་བྱས་པ་བརྒྱུད། བདེ་ཆེན་གནམ་ཐང་གིས་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་འདེགས་སྐྱོར་བརྟན་པོ་གཏོང་རྒྱུ།”
བདེ་ཆེན་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་བོད་ལྗོངས་ཀྱི་ལོ་60རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་མཐོང་སྐབས་སྐུལ་མ་ཆེན་པོ་ཐེབས་ཡོད། བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཡར་རྒྱས་ཆེན་པོ་བྱུང་བ་དེས་ཀྱང་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་བདེ་ཆེན་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད་པ།