རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8པའི་ཚེས་21ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཤིང་།བདེ་ཆེན་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བརྙན་འཕྲིན་དང་ལག་ཐོགས་ཁ་པར་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ཐད་གཏོང་ལ་བལྟས་པ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལས་དོན་སྙན་སྒྲོན་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་སེམས་ནང་གི་ངར་ཤུགས་མཚོན་པ་དང་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གཅིག་རྗེས་གཉིས་མཐུད་ངང་གླེང་བ།
ཚང་མས་ལོ་60ཡི་རིང་བོད་ལྗོངས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་དང་སྐུལ་ལྕག་ཆེན་པོ་ཐེབས་ནས་སླད་ཕྱིན་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་དེ་བས་སྤྲོ་སེམས་ཆེན་པོས་ཕ་ཡུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ཞུགས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བཤད་པ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་མི་སྣ་བློ་བཟང་ལྷ་མོ་ཡིས་“ཚོགས་ཆེན་ཐོག་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་སྟོབས་བཅས་དོན་ཆེན་བཞི་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་དེས་ང་ཚོའི་གཞི་རིམ་ལས་དོན་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད།ལོ་འདི་དག་གི་རིང་།ཐང་སྨད་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་།ཐོན་ལས་འཕེལ་རྒྱས།དམངས་འཚོ་ལེགས་བཅོས།སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཐད་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད།ཕྱིས་སུ་ང་ཚོས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གྲོང་ཚོ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།ཁྱད་ལྡན་ཐོན་ལས་ཤུགས་ཆེན་གྱིས་འཕེལ་རྒྱས་གཏོང་བ་དང་།གྲོང་གསེབ་ཀྱི་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།གྲོང་མིའི་འཚོ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཞེསབཤད།”
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་གྱི་གྲོང་མི།ལུས་སྦྱོང་རུ་ཁག་གི་རུ་དཔོན་དབྱང་ཞང་ཀྲིན་གྱིས་ཐད་གཏོང་ལ་བལྟས་ནས་“ལོ་དེ་དག་རིང་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།ང་ཚོ་ཚང་མ་དཔང་པོ་ཞིག་དང་ཕན་པ་ཐོབ་མཁན་ཞིག་ཡིན། ང་ཚོའི་བྱང་སྒོའི་སྡེ་ཁུལ་དུ།རྒན་པའི་སློབ་ཆེན་གྱི་དགེ་རྒན་གྱིས་ལོ་རེར་མཉེན་ཤུགས་སྤོ་ལོ་དང་།ལུས་སྦྱོང་རླུང་རྩལ་སོགས་སྒོབ་ཁྲིད་བྱས་ནས་།རྒན་པ་རྣམས་ལ་ཆེད་གཏོགས་སྦྱོང་བརྡར་སྟེགས་བུ་ཡོད་པར་གྱུར་བ་དང་།འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གྱུར་བས།སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་ཞེས་བཤད།
འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ནན་ཅན་གྲོང་གསར་གྱི་ལི་སུའུ་རིགས་ཀྱི་མང་ཚོགས་ལི་རུའུ་ཚའེ་ཡིས་ལག་ཐོགས་ཁ་པར་བརྒྱུད་ཚོགས་ཆེན་ལ་གཟིགས་རྗེས་“རྟེན་འབྲེལ་ཚོགས་ཆེན་ཐོག་ནས་བོད་ལྗོངས་འདི་ཉིད་ཏང་གི་འགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་དང་མི་སེར་བདེ་སྡོད་ལས་བརྩོན་བྱུང་བ་མཐོང་བྱུང་། ང་ད་ལོ་ལོ་63ཡིན།ལོ་འདི་དག་གི་རིང་ལ། ནན་ཅན་གྲོང་གསར་ལ་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་ཡོད།སྔོན་ཆད་ཀྱི་ས་ལམ་ཨར་འདམ་ལམ་དུ་གྱུར་བ།རླངས་འཁོར་ཐད་ཀར་ཁྱིམ་གྱི་སྒོ་ཁར་ཐོན་ཐུབ།ཤིང་ཁང་ཡངས་ཤིང་གསལ་བའི་ཁང་བ་ཞིག་ཏུ་གྱུར་ཡོད།ལ་ལས་ད་དུང་ཐོག་ཁང་ཆུང་ཆུང་ཞིག་བསྐྲུན་ཡོད། གྲོང་ཚོར་བྱེད་སྒོ་ལྟེ་གནས་ཡོད་པས་ཚང་མས་མཉམ་དུ་ཞབས་བྲོ་འཁྲབ་པ་དང་གླེང་མོལ་བྱས་ན་འཁྲུག་ཆ་དོད་པོ་ཡོད།ད་ཆ་རྒན་གསོ་དང་སྨན་བཅོས་འགན་ལེན་བྱུང་ནས་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད།དེ་ནི་ཏང་དང་སྲིད་གཞུང་གིས་ང་ཚོའི་བོད་འབྲེལ་ས་ཁུལ་ལ་གནང་བའི་དམིགས་བསལ་གྱི་ཐུགས་ཁུར་ཞིག་རེད་”ཅེས་བཤད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཅོ་ལྔ་ཚེ་རིང་དང་གྲོང་མི་ཚོས་རྡོ་རྗེའི་ཚང་དུ་རྟེན་འབྲེལ་བྱེད་སྒོར་གཟིགས་པས་ཚང་མ་དགའ་ཚོར་ཆེན་པོ་བྱུང་།་རྡོ་རྗེའི་ཚང་དུ་མི་རབས་ལྔ་མཉམ་དུ་སྡོད་ཡོད།རྒན་རབས་པའི་ཕྱིར་དྲན་ཁྲོད་ནས་ཧོན་ཕོ་གྲོང་ཚོའི་འགྱུར་ལྡོག་ཆེན་པོ་ཚོར་ཐུབ། དེང་སྐབས།ཧུང་ཕོ་གྲོང་ཚོས་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་དང་དེའི་མཐའ་འཁོར་གྱི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ཞབས་ཞུ་སྣུར་སྲིང་བྱས་པ་དང་།རྟ་རྒྱུག་ར་བའི་ཉམས་ལེན་རྣམ་གྲངས་དང་དམངས་སྲོལ་གནས་ཚང་གིས་ཡུལ་མི་ཚོར་ཡོང་འབབ་མི་ཉུང་བ་ཞིག་འཕར་ཡོད།བཅོ་ལྔ་ཚེ་རིང་གིས་“ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།སླད་ཕྱིན་ང་ཚོས་རྟ་ར་དང་དམངས་སྲོལ་གནས་ཚང་གི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བར་དེ་བས་ལེགས་པའི་རོལ་རྩེད་མྱོང་རོལ་བྱེད་ཡོད་”ཞེས་བཤད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་ཚོའི་ཧུའུ་ཁག་གི་གྲོང་མིའི་ཚོགས་ཆུང་གི་གྲོང་མི་ཆི་ཁྲུན་གྱིས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས“ཐད་གཏོང་ལ་ལྟ་སྐབས་ངའི་སེམས་ནང་དྲོ་སྐྱིད་ཚོར་བྱུང་།ལོ་འདི་དག་རིང་གྲོང་ཚོའི་ནང་གི་ས་ལམ་སྣུམ་ཞལ་ལམ་དུ་གྱུར་ནས་མྱུར་བགྲོད་གཞུང་ལམ་དང་སྒུལ་འཁོར་ཤར་གཏོང་ཐུབ་ནས་ཡུལ་སྐོར་བ་ཚང་མ་ང་ཚོའི་ཕ་ཡུལ་དུ་ཡུལ་སྐོར་དུ་ཡོང་ཐུབ་པས་གྲོང་ཚོའི་ནང་དམངས་སྲོལ་སྡོད་ཁང་བཙུགས་པ་དང་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཐོབ་པ་དང་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོའི་སྡེ་ཁུལ་གྱི་གྲོང་མི་ཧྲན་ཅན་ཅུན་ཁྲོན་བོད་གཞུང་ལམ་ནས་ཕྱིར་ཐོན་མ་ཐག་ཡིན་ཞིང་།ཁོང་གིས་“ལོ་བཅུའི་གོང་ང་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པས་རྟག་ཏུ་ལམ་དེར་བསྐྱོད་དགོས་ཀྱི་ཡོད།ད་ཆ་སླར་ཡང་ཐེངས་གཅིག་བསྐྱོད་ཚེ་ལམ་དེ་སྔ་ལས་ཡངས་ལ་ཧ་ཅང་བདེ་བགྲོད་ཡིན་པའི་ཚོར་སྣང་བྱུང་ཡོད་”ཅེས་བཤད། དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ།ལམ་བར་དུ་ད་དུང་དབྱང་ཡོད་དམ།ངལ་གསོ་ཁང་དུ་འཇོག་རྒྱུ་འདི་དག་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད། འགྱུར་ལྡོག་དེ་དག་ཚང་མ་མཐར་གཏུགས་ན་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པའི་རྐྱེན་གྱིས་མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད།ཁྱོད་ཀྱིས་ལྟོས་དང་།ད་ལྟ་སྒེར་འཁོར་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཚང་མས་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པར་དངོས་སུ་ལྟ་འདོད་བྱེད་བཞིན་ཡོད”ཅེས་བཤད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་་གྲོང་སྡོད་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་ལས་དོན་རུ་དཔོན་ཀུའོ་ཝུན་ཅུན་གྱིས་གྲོང་ཚོ་ཨུ་ལྷན་གྱི་བྱེད་སྒོ་ཁང་དུ་ཐད་གཏོང་ལ་བལྟས་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཉི་འོད་བཞིན་དུ་དྲོ་སྐྱིད་ལྡན་པས་མི་ཚང་མར་དྲོ་སྐྱིད་སྦྱིན་ཡོད།ཧྲུའུ་ཅི་དང་པོའི་འགན་ཁུར་བའི་ལོ་འདི་གཉིས་རིང་མཐུན་སྒྲིལ་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།ཐོག་མར་སླེབས་སྐབས།ངས་གྲོང་མིའི་ཚོ་ཆུང་12སུ་འཚམས་འདྲི་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱུང་བ་དང་ལས་མི་དང་སློབ་མའི་ཆ་འཕྲིན་གྱི་གཞི་གྲངས་བཅས་བཟོ་སྟེ།‘གྲོང་ཚོ་ཨུ་ལྷན་གཉིས་’ཀྱི་ལས་ཆོད་ཆེ་རུ་བཏང་ཡོད།ཡུལ་མི་ཚོར་སྲིད་ཇུས་གསར་པ་ཤེས་རྟོགས་བྱ་ཆེད།ང་ཚོས‘སྲིད་ཇུས་ཀྱི་ཤོག་བུ་གསལ་པོ’བཟོས་ནས་དུད་ཚང་ལ་སྤྲད་པ།ཐོན་ལས་འཕེལ་རྒྱས་ཐད་བཟའ་བྱའི་ཤ་མོ་ཚོད་ལྟའི་འདེབས་འཛུགས་རྟེན་གཞི་ནང་འདྲེན་བྱས་ཏེ་ཁེ་ལས་དང་མཉམ་ལས་བྱས་ཏེ་ཞིང་ལས་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་བཏང་བ་དང་།དེ་སྔའི་ལས་ཁུངས་ཀྱི་མཁའ་འགྲུལ་ཟོག་འགྲེམས་ཐོན་ཁུངས་སྤྱད་དེ་ཕྱིར་ཚོང་ལ་རམ་འདེགས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་ཡུལ་མི་ཚོའི་ཡོང་འབབ་མང་དུ་བཏང་ཡོད།སླད་ཕྱིན་ང་ཚོས་གྲོང་ཚོའི་དོན་དངོས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་བཏང་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་”ཞེས་བཤད།