ཀྲུང་དབྱང་སྐུ་ཚབ་ཚོགས་པས་ལྷ་སར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-25   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཝང་ཧུའུ་ཉིང་བྱེད་སྒོར་ཞུགས་པ།

            ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོ་བསྣམས་ནས། ཚེས་21ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་གིས་ལྷ་སར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་ཧུའུ་ཉིང་འཚམས་འདྲིའི་བྱེད་སྒོར་ཞུགས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་པ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་གནང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། དེ་ལས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། བོད་རང་སྐྱོང་ལྗོངས་ལ་ཚད་མཐོའི་རྒྱབ་སྐྱོར་གནང་ལུགས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་མཐོའི་ཐུགས་ཁུར་གནང་ལུགས་བཅས་གང་ལེགས་མཚོན་གྱི་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་དགོས་ཞེས་གསུངས་པ་རེད།

            སྐུ་ཚབ་ཚོགས་པས་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་རྣམས་ལ་འཚམས་འདྲི་གནང་བ་མ་ཟད། ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་དང་། ལྷ་ས་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་ཡང་བསྩལ་བ་རེད། ཝང་ཧུའུ་ཉིང་གིས། ལོ་ངོ་60ཡི་རིང་ལྷ་སར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱང་ལམ་གསར་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དམ་པོར་འཛིན་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

            སྐུ་ཚབ་ཚོགས་པ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་ནས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་འཚམས་འདྲི་གནང་བ་མ་ཟད།

            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་གོས་དར་བསྩལ་བ་དང་། ཝང་ཧུའུ་ཉིང་གིས། བོད་བརྒྱུད་ནང་བསྟན་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། སླད་ཕྱིན་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དད་ལྡན་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

            སྐུ་ཚབ་ཚོགས་པ་ད་དུང་བོད་ལྗོངས་སློབ་ཆེན་གྱི་རྔ་ཆེན་སློབ་ཁུལ་དུ་ཕེབས་ནས་བོད་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། ལྷོ་རིའི་སྤྱི་གླིང་དུ་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་གནས་ཚུལ་ལ་རྟོག་ཞིབ་གནང་བ། ཁྲེང་ཀོན་ཆུས་དར་དམར་གྲོང་ཚོར་ཕེབས་ནས་བོད་རིགས་མང་ཚོགས་ལ་གཟིགས་པ་རེད། ཝང་ཧུའུ་ཉིང་གིས། སྤྱོད་བཟང་མི་སྐྱོང་གི་གཞི་རྩའི་ལས་འགན་དོན་འཁྱོལ་དང་སློབ་གྲྭའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། བོད་ཀྱི་འཕེལ་རྒྱས་ཆེད་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་མི་སེར་ཕྱུག་པོ་ཆགས་པ་དང་སྦྲགས། སྐྱེ་ཁམས་མཛེས་པོར་འགྱུར་བར་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་ཞེས་གསུངས་པ་རེད།