རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཞབས་ཞུའི་དྲ་རྒྱ་སྔ་ས་ནས་མཐོ་སྒང་གི་གྲུ་ཟུར་ཚང་མར་འཐག་ཡོད། བདེ་ཆེན་ཁུལ་བོད་སྨན་ཁང་གི་བརྟག་བཅོས་ཁང་དུ་སྨན་པས་ཀོང་ཞི་ནས་ཡོང་བའི་ནད་པ་ལི་ཅིན་ཧན་ལ་བརྟག་བཅོས་བྱེད་བཞིན་ཡོད་ལ། ཁོའི་སྐྲངས་པའི་རྐང་པ་གཉིས་ནད་དཔྱད་མལ་ཁྲིའི་སྟེང་དུ་བཞག་ཡོད། ལོ་ཕྱེད་རིང་གི་སྨན་པ་འཚོལ་བར་དེ་སྐབས་འདིར་ལྡོག་འཕྲོ་བྱུང་། སྤྱི་ལེ་བརྒྱའི་ཕྱི་རོལ་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་ཁག་ཏུ་གྲོང་ཚོའི་སྨན་པས་བོད་སྨན་དབྲལ་ནས་རྒན་རྒོན་གྱི་པུས་མོ་སྟེང་སྦྱར་བའི་རྣམ་པ་གང་སར་མཐོང་ཐུབ། མིག་སྔར་ཁུལ་ཡོངས་ཀྱི་རིམ་པ་བཞིའི་ཞབས་ཞུའི་མ་ལག་གིས་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མར་ཀྲུང་བོད་སྨན་གྱི་འོས་པ་འཚམ་པའི་རྩལ་རིགས་6དང་རྣམ་གྲངས་10མཁོ་འདོན་བྱེད་ཐུབ་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་87.8%ལ་ཨེ་མེ་དང་སྦྱར་སྦྱར་བྱེད་ཐུབ་པར་མངོན་འགྱུར་བྱུང་ཡོད་པས་བོད་སྨན་གྱི“ཁྲག་རྩ་ཕྲ་མོ་”གྲོང་སྡེར་ཁྱབ་ཡོད་པ་རེད།
ཆེད་ལས་བརྟག་བཅོས་ཁང་ནང་གི་བྲེལ་འཚུབ་ལ་བོད་སྨན་གྱི་སྟོབས་ཤུགས་སྦས་ཡོད།གྲུམ་ནད་ཚན་ཁག་གི་བར་ཁྱམས་སུ་བརྟག་བཅོས་སྒུག་སའི་རྐུབ་སྟེགས་ཐོག་ནད་པས་ཁེངས་འདུག སི་ཁྲོན་ནས་ཡོང་བའི་ནད་པས་ནད་ཐོ་ལ་བལྟ་བཞིན་ཡོད་དེ་“གོ་ཐོས་སུ་འདི་གར་གྲུམ་ནད་སྨན་བཅོས་བྱེད་པར་སྐད་གྲགས་ཆེན་པོ་ཡོད་པས་རླངས་འཁོར་ལ་ཉིན་གཉིས་བསྡད་ནས་ཡོང་ཡིན་ཞེས་ཟེར། 2024ལོར། སྨན་ཁང་དེའི་སྒོ་བསྟེན་སྨན་བཅོས་ཁང་དུ་མི་ཐེངས་ཁྲི་4སྨན་བཅོས་བྱས་པ་དང་དེའི་ནང་གྲུམ་ནད་ཆེད་ལས་ཚན་ཁག་གིས་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་1.2ལས་བརྒལ་བ་དང་། ནད་པའི་བཅུ་ཆ་གསུམ་ནི་ཞིང་ཆེན་ཕྱི་རོལ་ནས་ཡོང་མཁན་རེད། རུས་རྨས་ཚན་ཁག་གི་གཤགས་བཅོས་ཁང་དུ་ད་དུང་པུས་ཚིགས་བརྗེ་རེས་གཤགས་བཅོས་བྱེད་ཆོག་པ་དང་སྲོལ་རྒྱུན་གསོ་རིག་གི་རུས་ཆག་མཐུད་སྦྱོར་བྱེད་ཐབས་དང་དེང་རབས་ཡོ་བྱད་གཉིས་གཞོགས་འདེགས་བྱས་པས་གནའ་བོའི་སྨན་བཅོས་ལག་རྩལ་ལ་སྣུར་སྲིང་གསར་པ་བྱུང་ཡོད་པས་2024ལོར་“རྒྱལ་ཁབ་ཀྱི་དགེ་མཚན་ལྡན་པའི་ཆེད་ལས་ཚན་ཁག”གདེང་འཇོག་ཐོབ་པའི་ཚན་ཁག་འདིས་ཉལ་ཁྲིའི་སྟེང་གི་ནད་པ་མི་ཉུང་བ་ཞིག་སླར་ཡང་ཡར་ལངས་ཐུབ་པ་བྱུང་ཡོད།
རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱས་ནས་བོད་སྨན་གྱིས་དམངས་ཕན་རང་མདངས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།སྡེབ་སྦྱོར་ཁང་ནང་དུ་སྨན་སྦྱོར་པ་ཚོས་གནའ་བོའི་ཐབས་ལ་ནན་པོ་གཞིར་འཛིན་བྱས་ཏེ“ཙོ་ཐེ”སོགས་རྩ་ཆེའི་རྒྱུ་ཆ་ལྟེ་བར་བྱས་པའི་བོད་སྨན་བཟོ་སྐྲུན་བྱེད་བཞིན་ཡོད། མིག་སྔར། སྨན་ཁང་དེས་སྨན་ཁང་ནང་གི་སྡེབ་སྦྱོར་ཡིན་པའི་སྨན་རྫས་165ཐོན་སྐྱེད་བྱེད་ཐུབ་པ་བ་དང་དམིགས་བསལ་ཀྱི་རྒྱུ་ཆའི་རིགས་16ཀྱི་ལྟེ་བའི་ལས་སྣོན་ལག་རྩལ་ཁོང་དུ་ཆུད་ཡོད་པ་རེད། སྨན་ཁང་ནང་གི་ནད་ཐོག་སྨན་རྫས་90%ནི་བོད་སྨན་སྡེབ་སྦྱོར་ཡིན་པས་བོད་སྨན་གཙོ་བོར་འཛིན་པའི་སྨན་བཅོས་ཀྱི་ཁྱད་ཆོས་དངོས་སུ་མངོན་འགྱུར་བྱས་ཡོད་ཞེས་སྡེབ་སྦྱོར་ཁང་གི་འགན་འཁུར་བས་ཟོག་སྒྲོམ་ལ་མཛུབ་སྟོན་བྱས་ནས་བཤད། མིག་སྔར་ཁུལ་ཡོངས་ཀྱི་སྨན་ཁང་ནང་གི་སྡེབ་སྦྱོར་བོད་སྨན་116དང་བོད་སྨན་སྨན་བཅོས་རྣམ་གྲངས་ཁག་23ཚང་མ་ཡུན་ནན་སྨན་བཅོས་འགན་བཅོལ་ནང་བཅུག་ཡོད། 2024ལོར། ཁུལ་ཡོངས་ནས་མི་ཐེངས་ཁྲི་1.47ཡིས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ལ་བརྟེན་ནས་བོད་སྨན་བེད་སྤྱོད་བྱས་ཡོད་དེ་ཉལ་ཁྲིར་ཉལ་ནས་ལོ་20ཡོད་པའི་གྲུམ་ནད་ཀྱི་ནད་པ་ཚེ་རིང་སྒྲོལ་མ་དེའི་ནང་གི་གཅིག་ཡིན་པ་དང་། མོ་ད་ལྟར་གྱང་ལ་སྐྱོར་ནས་དལ་མོར་འགྲོ་ཐུབ།
བོད་སྨན་གྱི་གཏམ་རྒྱུད་ནི་བརྟག་བཅོས་ཁང་ནང་ཁོ་ན་མ་ཚད།ཤམ་བྷ་ལ་དུས་འཁོར་བློས་བསླངས་རིག་གནས་བཤམས་སྟོན་ལྟེ་གནས་ཀྱི་བོད་སྨན་སྒོ་བསྟེན་སྨན་བཅོས་ཁང་དུ་ཡུལ་སྐོར་བ་མང་པོ་ཞིག་ཉམས་ལེན་བྱེད་པར་ཡོང་གི་ཡོད། རྩ་འཛིན་དུས་སྨན་པས་བོད་སྨན་སྐོར་གྱི་རིགས་པའི་གཞུང་ལུགས་བཤད་པར་ཉན་པ་ནི་དཔེ་དེབ་བལྟ་བ་ལས་ཧ་ཅང་གསོན་ཉམས་ལྡན་པ་ཞིག་རེད་ཞེས་ཡུལ་སྐོར་བ་ཞིག་གིས་འདི་ལྟར་བཤད། བོད་སྨན་གྱི་སྒྲིག་གཤོམ་ཁང་གི་《 བདེ་ཆེན་བོད་སྨན་ཚད་གཞིའི་》 ལག་བྲིས་འགྲམ་དུ། གཞོན་ནུ་སྨན་སྦྱོར་པས་ལག་ཁྱེར་ཁ་པར་ཡིས་གནའ་གཞུང་ཀྱི་ནང་དོན་ཡིག་ཚགས་སུ་ཉར་བ་པར་ལེན་བཞིན་ཡོད། འདི་ན་ནི་ཡུལ་སྐོར་བས་བོད་སྨན་གྱི་གསར་བ་ཉམས་ལེན་བྱེད་ས་ཡིན་པ་དང་། དེ་གར་ནི་གནའ་གཞུང་རྒྱུན་འཛིན་གྱི་གཟབ་ནན་ཡིན་པས། བོད་སྨན་ནི་རིག་གནས་ཀྱི་རྣམ་འགྱུར་ཐོག་ནས་དེ་ལས་མང་བའི་མིའི་མཐོང་རྒྱ་དུ་བསྐྱོད་བཞིན་ཡོད།
ཆེད་ལས་མཁས་པའི་ལས་དོན་ས་ཚིགས་སུ་ཧྲང་ཧའེ་ནས་ཡོང་བའི་རུས་པའི་ཚན་ཁག་གི་ཆེད་ལས་མཁས་པས་ན་གཞོན་སྨན་པ་ཚོར་སློབ་བཞིན་ཡོད་པ་དང་། བརྟག་བཅོས་ཁང་དུ་མཚོ་སྔོན་ནས་ཟབ་སྦྱོང་བྱས་ནས་ཕྱིར་ལོག་མ་ཐག་པའི་སྨན་པས་གསར་དུ་སྦྱངས་པའི་ལག་རྩལ་སྤྱད་ནས་ནད་པར་འཕུར་མཉེད་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་“ཕྱི་ལ་འགྲོ་བ་དང་ནང་དུ་གདན་འདྲེན་ཞུ་བའི”འཐབ་ཇུས་ལག་བསྟར་བྱེད་པར་བརྒྱུད་ནས་ཞིང་ཆེན་རིམ་པའི་ཆེད་ལས་མཁས་པའི་ལས་དོན་ས་ཚིགས་བརྒྱད་བསྐྲུན་ཏེ་ཆེད་ལས་བརྒྱད་ལ་ཁྱབ་ཡོད། 2024ལོར། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་4བདེ་ཆེན་དུ་རྩ་བ་ཚུགས་པ་དང་། རྐང་འཛིན་12སློབ་སྦྱོང་བྱས་ནས་ཕྱིར་ལོག་ཡོད།
སྨན་རྫས་ཀྱི་དྲི་ཞིམ་མཐོ་སྒང་དུ་ཁྱབ་སྟེ་སྨན་ཁང་ནས་གྲོང་ཚོའི་མགོ་བར། གཤགས་བཅོས་སྟེགས་བུ་ནས་སྒྲིག་གཤོམ་ཁང་བར། བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་གསོན་ཉམས་ལྡན་པའི་རྣམ་འགྱུར་ཐོག་ནས་བདེ་ཐང་དང་རེ་བ་མང་ཚོགས་ཀྱི་འགྲམ་དུ་སྐྱེལ་བཞིན་ཡོད།