རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ད་ཐེངས་ཁྱབ་བསྒྲགས་བྱས་པའི་དམག་རིགས་ཀྱི་དམག་དར་ནི་བརྒྱད་གཅིག་དམག་དར་རྨང་གཞིར་བྱས་ནས་ཇུས་འགོད་བྱས་པ་དང་། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་གནང་བ་གང་ལེགས་མངོན་པ་དང་། མི་དམངས་དམག་དཔུང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་། གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱེད་པ་མཚོན་ཡོད་པ་དང་། དམག་དར་ངོས་ཀྱི་བཟོ་དབྱིབས་རི་མོ་ནི་དམག་རིགས་དམག་དར་གོང་འོག་བཀོད་སྒྲིག་དང་ཚད་ལྡན་དབྱེ་མཚམས་འབྱེད་པའི་གཞི་རྩའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། དེ་བསྟུན་དམག་རིགས་ཁྱབ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་དང་ཁ་དོག་བདམས་ནས་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཀྱི་ངོ་བོ་གཏན་འཁེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། དམག་དཔུང་གི་གཟི་བརྗིད་ཚོར་སེམས་དང་འགན་འཁྲི་འཁུར་སེམས་སྐུལ་སྤེལ་བྱས་ཡོད། དམག་རིགས་དམག་དར་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རང་དམག་གིས་བརྒྱད་གཅིག་དམག་དར་དང་སྐམ་དམག་དང་། མཚོ་དམག མཁའ་དམག་དང་མེ་ཤུགས་འཕུར་མདའ་དམག་བཅས་ཀྱི་དམག་དར། དམག་དོན་མཁའ་སྐྱོད་དཔུང་སྡེ་དང་། དྲ་རྒྱའི་བར་ཁམས་དཔུང་སྡེ། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེ་བཅས་ཀྱི་དམག་དར་ལས་གྲུབ་པའི་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་དམག་དར་མ་ལག་བཙུགས་པ་མཚོན་གྱི་ཡོད་པས། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་དུས་བཀག་ལྟར་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པ་དང་། མི་དམངས་དམག་དཔུང་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་ངང་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་དང་། དམག་དར་ལ་གཟི་བརྗིད་གསར་པ་སྣོན་རྒྱུར་སྐུལ་མ་ཐེབས་ངེས་རེད། དམག་རིགས་དམག་དར་དེ2025ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་སྤྱོད་འགོ་ཚུགས་ཡོད།
དམག་དར་མ་ལག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་བསྟུན་ནས། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་ད་དུང《དམག་དར་དོ་དམ་སྐོར་གྱི་གཏན་འབེབས་(ཚོད་ལྟ་ལག་བསྟར)》བཟོ་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་ཏེ། དམག་དར་གྱི་སྣ་རིགས་གྲུབ་ཚུལ་དང་། བཀོལ་སྤྱོད་བྱེད་པའི་ཡུལ་དུས་སོགས་ལ་དག་བཅོས་བྱས་ཏེ། དམག་དར་དོ་དམ་ཚད་ལྡན་དུ་གཏོང་བ་དང་དམག་དར་གྱི་དབང་གྲགས་སྲུང་སྐྱོང་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་བྱས་ཡོད།