ལོ་སྟོད་དུ་གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་ཆས་ལ་ཆོག་མཆན་ཐོབ་ཚད་དུས་མཚུངས་ལས་ཆེས་ཆེར་འཕར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-01   རྩོམ་ཁུངས།    མི་དམངས་དྲ་བ།

    མི་དམངས་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་གསར་གཏོད་སྨན་རྫས་43དང་གསར་གཏོད་སྨན་བཅོས་ཡོ་ཆས་45ལ་ཆོག་མཆན་སྤྲད་པ་དེ་དུས་མཚུངས་ལས་59%དང་87%སོ་སོར་འཕར་ནས། སྒྱུར་བཅོས་སྲིད་ཇུས་ཀྱི་ཁེ་སྤོགས་དེ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་འགྱུར་བཞིན་ཡོད་པ་རེད།

    ན་ནིང་ཚུན། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཞིང་ཆེན་རིམ་པའི་ཅུས་11ཏུ་སྨན་རྫས་ཁ་སྣོན་རེ་ཞུ་ལེགས་སྒྱུར་སྒྱུར་བཅོས་ཚོད་ལྟ་བྱས་ཏེ། ཞིབ་བཤེར་ཞིབ་དཔྱད་བྱེད་དགོས་པའི་ཁ་སྣོན་རེ་ཞུའི་དཔྱད་བཤེར་དུས་བཅད་དེ་ལས་ཀའི་ཉིན་200ནས་ལས་ཀའི་ཉིན་60བར་ཐུང་དུ་བཏང་ཡོད། དེ་དང་དུས་མཚུངས། ལས་ཀའི་ཉིན་30ཡི་ནང་གཙོ་གནད་གསར་གཏོད་སྨན་རྫས་ནད་ཐོག་སྨན་བཅོས་ཚོད་ལྟའི་དཔྱད་བཤེར་ལ་ཆོག་མཆན་འགོད་རྒྱུ་ལེགས་སྒྲུབ་བྱེད་པའི་འཚོལ་ཞིབ་བྱས་ཡོད། ལོ་སྟོད་དུ། བྱིས་པའི་སྨན་རྫས་70དང་མཐོང་དཀོན་པའི་ནད་གཞིའི་སྨན་རྫས་21ལ་གསར་དུ་ཆོག་མཆན་སྤྲད་ཡོད།

    ལོ་སྟོད་དུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་མཉམ་དུ་མི་ཐབས་རིག་ནུས་ཀྱི་སྨན་བཅོས་ཡོ་ཆས་དང་སྐྱེ་དངོས་སྨན་སྤྱོད་རྒྱུ་ཆ་གསར་གཏོད་ལས་འགན་གྱི“ཁས་ལེན་གཙོ་འགན”གྱི་ལས་དོན་སྤེལ་བ་དང་། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཚེ་སྲོག་འཁོར་ཡུན་ཧྲིལ་པོའི་ལྟ་འདོམས་ལེགས་སུ་བཏང་ནས་རྩེར་སོན་སྨན་བཅོས་ཡོ་ཆས་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་10བཏོན་ནས། མིས་བཟོས་ཤེལ་གཟུགས་དང་སྙིང་ཁམས་རྩ་འཕར་གློག་ཆས་སོགས་ལག་རྩལ་འདུས་གྲུབ་མཐོ་བ་དང་ཞིབ་འཇུག་གསར་སྤེལ་དཀའ་བའི་གསར་གཏོད་སྨན་བཅོས་ཡོ་ཆས་ཁྲོམ་རར་འདོན་པར་སྐུལ་འདེད་བཏང་ཡོད་པ་རེད།