རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-30   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ཚིག་མཛོད་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ལས་སྒོ་གཞུང་ལས་ཁང་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲིག་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ཡིས2012ལོའི་ཚུན་དུ་རྒྱལ་ཡོངས་ཀྱི་བོད་སྐད་མིང་ཚིག་གསར་བ་ཡིག་སྒྱུར་ཞིབ་བཤེར་གཏན་འབེབས་ཆེད་མཁས་པས་ཚོགས་འདུ་འཚོག་ནས་ཞིབ་བཤེར་གཏན་འབེབས་དང་ཚད་ལྡན་གཅིག་གྱུར་སྒོས་ཁྱབ་བསྒྲགས་བྱས་པའི་ཚིག་ཚན5000ཙམ་ཕྱོགས་བསྒྲིགས་པར་སྐྲུན་བྱས།
པར་འདི་ནི་ཟླ7པའི་ཚེས24ཉིན་རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུའི་སྟེང《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བསྒྲིགས(2012—2024)》ཁྱབ་བསྒྲགས་བྱས་པའི་རྣམ་པ་རེད།
རྒྱལ་ཡོངས་ཀྱི་བོད་སྐད་མིང་ཚིག་གསར་བ་ཡིག་སྒྱུར་ཞིབ་བཤེར་གཏན་འབེབས་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚེ་རིང་དཔལ་འབྱོར་གྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན། བརྡ་སྤྲོད་རིག་པའི་ངེས་སྲོལ་གཞིར་བཟུང་། བོད་སྐད་མིང་ཚིག་གསར་བ་ཡིག་སྒྱུར་བྱ་བས་ཡོངས་ཁྱབ་རང་བཞིན་མཐོ་བ་དང་མ་གཞིའི་གོ་དོན་ལ་བློ་གཏད་པ། ཚིག་སྦྱོར་བདེ་ཞིང་གསལ་བ་སོགས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས། “བོད་སྐད་བཀོལ་སྤྱོད་བྱེད་མཁན་མང་ཆེ་བ་ཀྲུང་གོར་འཚོ་གནས་བྱས་ཡོད་པས། བོད་སྐད་ཀྱི་མིང་ཚིག་གསར་བའི་ཡིག་སྒྱུར་གཅིག་གྱུར་ནི་ཡིག་སྒྱུར་བྱ་བ་དང་རིག་གཞུང་བྱ་བ། བོད་ལྗོངས་དང་བོད་འབྲེལ་ཞིང་ཆེན་བཞིའི་ཁུལ་དང་རྫོང་གི་གཞི་རིམ་བྱ་བ་སྒྲུབ་པར་ཕན་པ་མ་ཟད། ད་དུང་ཀྲུང་གོའི་བོད་འབྲེལ་གྱི་རྒྱལ་སྤྱིའི་སྐད་ཆ་བྱེད་དབང་ཆེ་རུ་གཏོང་ཐུབ”ཅེས་བཤད།
ཀྲུང་གོའི་བོད་འབྲེལ་ས་ཁུལ་དུ་ཡུལ་སྐད་ཆེན་པོ་གསུམ་དུ་དབྱེ་ཡོད་པ་དང་གསར་དུ་བྱུང་བའི་ཐ་སྙད་དང་བརྡ་ཆད་འགའ་ཤས་ས་གནས་ཁག་ཏུ་ཡིག་གྱུར་བྱས་པ་མི་འདྲ། “དཔེར་ན‘གྲངས་འཛིན་རིག་ནུས་ཅན’གཅིག་གྱུར་མ་བྱས་གོང་ཡིག་སྒྱུར་འགའ་ཤས་ཀྱི་ནང་དོན‘གྲངས་འཛིན’ལ་ཕྱོགས་ཡོད། ཡང་དཔེར་ན‘ཕན་ནུས’ཞེས་པའི་མིང་ཚིག་འདི་མིང་གི་ཚོགས་པ་མི་འདྲ་བར་སྡེབ་སྒྲིག་བྱས་ན་ཡིག་སྒྱུར་ནང་དོན་མི་འདྲ་བ་བྱུང་བ་རེད”ཅེས་ཚེ་རིང་དཔལ་འབྱོར་གྱིས་བཤད། ཚིག་མཛོད་གསར་བ་ཁྱབ་བསྒྲགས་བྱས་པ་དེས་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཐག་གཅོད་བྱས་ཡོད་ལ། དེ་ནི་བོད་ལྗོངས་དང་བོད་འབྲེལ་ཞིང་ཆེན་བཞིའི་ཁུལ་དང་རྫོང་གིས་ཇི་ལྟར་ཡང་དག་པ་དང་དབང་གྲགས་ཀྱིས་སྲིད་ཇུས་དྲིལ་སྒྲོག་འོས་སྦྱོར་ཐུབ་པ་དེ་ཡིན།
རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་བདུན་པའི་ནང་ཞུགས་པའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་བོད་ཡིག་སྒྲིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གིས་གཞི་རིམ་གྱི་བོད་ཡིག་ཡིག་སྒྱུར་བྱ་བ་གཉེར་བའི་ལས་དོན་མི་སྣ་ཞིག་ཡིན་པའི་ཆ་ནས། ཚིག་མཛོད་གསར་བ་འདིས་མིང་ཚིག་གསར་བ་ཡིག་སྒྱུར་བྱ་བའི་མཛུབ་སྟོན་ཚད་ལྡན་མཁོ་འདོན་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱ་ཆེའི་བོད་འབྲེལ་ས་ཁུལ་དུ་ཡང་དག་སྒོས་བརྒྱུད་བསྒྲགས་ཐུབ་པར་རོགས་རམ་དང་། གཞི་རིམ་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་སྒྲུབ་པར་རོགས་རམ་ཐུབ་པ་རེད་ཅེས་བསྟན།
མཐུན་སྦྱོར་ཚོགས་འདུའི་ཐོག ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་བཀྲ་ལོ་ཡིས་ཚིག་མཛོད་དངོས་སུ་འགྲེམ་སྤེལ་བྱས་པ་ཁྱབ་བསྒྲགས་བྱས། ཁོང་གིས་མིང་ཚིག་གསར་བ་ཡིག་སྒྱུར་ཞིབ་བཤེར་གཏན་འབེབས་བྱ་བ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཡིན་པའི་ཆ་ནས་ཚིག་མཛོད་གསར་བས་གྲངས་ཉུང་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བའི་སྡེ་ཁག་དང་ལས་རིགས་གཅིག་པའི་མི་རྣམས་ལ་སྟབས་བདེ་སྔར་ལས་མང་པོ་མཁོ་འདོན་བྱས་ཡོད་ཅེས་བསྟན།
རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་བདུན་པ་ཚེས25ཉིན་མཇུག་སྒྲིལ་རྒྱུ་ཡིན་ལ། རྒྱལ་ཡོངས་ཀྱི་ཚན་ཞིབ་སྒྲིག་གཞི་དང་མཐོ་རིམ་སློབ་གླིང80ལྷག་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་མི140ལྷག་ཚོགས་འདུར་ཞུགས་ཡོད། །