རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-17   རྩོམ་ཁུངས།    མི་དམངས་དྲ་བ།
■ གཟུགས་པོ་ལྗིད་དྲགས་པ།
ལུས་པོ་ལྗིད་དྲགས་པ་ནི་པུས་ཚིགས་ལ་གནོད་སྐྱོན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཤ་རྒྱགས་པ་ཆགས་ན་ཕྱོགས་གཅིག་ནས་ལུས་པོ་ལྗིད་དྲགས་པས་པུས་ཚིགས་ལ་གནོད་སྐྱོན་བཟོ་སྲིད། ཕྱོགས་གཞན་ཞིག་ནས་ཚིལ་གྱི་ཕུང་གྲུབ་ལས་ནང་ཁོག་པའི་བརྗེ་ཚབ་རྒྱུན་ལྡན་མིན་པ་བཟོས་ནས་ཚིགས་ནད་འབྱུང་སྲིད།
■ དུས་ཡུན་ཐུང་ངུའི་ནང་བཙན་གྱིས་བགྲོད་པ།
རྒྱུན་དུ་འགུལ་སྐྱོད་བྱེད་པའི་གོམས་གཤིས་མེད་པ་དང་། དུས་རྒྱུན་ལ་ཡུན་རིང་བསྡད་ནས་འགུལ་སྐྱོད་མི་བྱེད་མཁན་གྱི་རྐང་བའི་ཤ་གནད་ཀྱི་སྟོབས་ཤུགས་རྒྱུན་དུ་མི་འདང་པས། གལ་ཏེ་གློ་བུར་དུ་དུས་ཡུན་རིང་པོ་དང་ཐག་རིང་ལ་བགྲོད་ན་པུས་ཚིགས་གཏན་འཇགས་མིན་པ་འབྱུང་སྲིད།
■ རྒྱུན་དུ་ཡུན་རིང་སྡོད་པ།
ཡུན་རིང་སྡོད་མཁན་གྱི་རྐང་པའི་ཤ་གནད་ལ་སྦྱོང་བརྡར་མ་ཐུབ་པས། ཤ་གནད་སྲ་མཁྲེགས་དང་ཤུགས་མེད་དུ་འགྱུར་སྲིད་པས། པུས་ཚིགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་མི་ཐུབ་པར་མ་ཟད། ད་དུང་པུས་ཚིགས་ཀྱི་བརྟན་བརླིང་རང་བཞིན་ཇེ་ཞན་དུ་འགྱུར་སྲིད།
■ རྟག་ཏུ་ཙོག་པུར་སྡོད་པ།
མར་ཙོག་པའི་གོ་རིམ་ཁྲོད། པུས་ཚིགས་ཀྱི་ཕྲུམ་རུས་ལ་ཡང་ཡང་གཙུབ་བརྡར་དང་བཙིར་གནོན་ཐེབས་སྲིད། པུས་ཚིགས་ཀྱི་རྒྱུས་པ་དང་ཟླ་གམ་ཕྲུམ་རུས་ལའང་འཐེན་པ་དང་བཙིར་གནོན་ཐེབས་སྲིད། དེ་ནས་ཕུང་གྲུབ་ལ་གནོད་སྐྱོན་དང་ཆུ་སྐྲངས་འབྱུང་སྲིད། ཐ་ན་ཚིགས་ཀྱི་ཕྲུམ་རུས་བཤུས་མཐར་པུས་ཚིགས་ཀྱི་ཕྱིར་བཀྱེད་རང་བཞིན་གྱི་ཚིགས་ནད་དུ་འགྱུར་སྲིད།
■ སྡོད་སྟངས་མི་ལེགས་པ།
དཀྱིལ་ཀྲུང་བྱས་ན་པུས་ཚིགས་སྐུམ་པའི་དབང་གིས་ལྗིད་ཤུགས་ཀྱི་རྐྱེན་པས་པུས་མོས་ལྗིད་ཐེག་སྟེ། ཕྱི་ནང་གཞོགས་གཉིས་སུ་ཐེབས་པའི་ཤུགས་ཚད་མི་སྙོམས་པར་གྱུར། ཡུན་རིང་འགོར་རྗེས་པུས་ཚིགས་ཀྱང་དབྱིབས་འགྱུར་འབྱུང་སླ་བ་རེད།
པུས་བརྩེགས་སུ་སྡོད་དུས། པུས་ཚིགས་ཀྱི་ཕྱི་ནང་གཞོགས་གཉིས་སུ་ཤུགས་ཐེབས་ཚད་མི་མཉམ་པས། དེ་ལྟར་བྱས་ན། ཤ་གནད་དང་རྒྱུས་པ་ལ་གནོད་སྐྱོན་ཐེབས་ཏེ། པུས་མོའི་ཕྲུམ་རུས་བརྡར་ཟད་ཇེ་མགྱོགས་སུ་འགྲོ་སྲིད།
■ ལྷམ་རྟིང་མཐོ་ཅན་གྱོན་པ།
ལྷམ་རྟིང་ཇི་ཙམ་མཐོ་ན་པུས་མོའི་ནང་ངོས་ལ་ཐེབས་པའི་ཤུགས་ཚད་ཀྱང་དེ་ཙམ་གྱིས་ཆེ། ཡུན་རིང་ལ་ལྷམ་རྟིང་མཐོ་ཅན་གྱོན་ན་པུས་མོའི་ནང་ངོས་ཀྱི་བརྡར་ཟད་རང་ཤུགས་སུ་དེ་བས་ཆེ་བ་དང་། པུས་ཚིགས་ཀྱི་བརྡར་ཟད་ཀྱང་ཇེ་ཆེར་འགྲོ་སྲིད།