རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར“རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་བཞག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བདེ་ཆེན་ཁུལ་སྐབས་བཅོ་ལྔ་པའི“གསར་བརྗེའི་ས་གཞི་གླུ་དབྱངས”ཞེས་པའི་གཏམ་བཤད་འགྲན་བསྡུར་ཁུལ་ཨུའི་ཏང་གི་སློབ་གྲྭར(སློབ་ཁུལ་གསར་པ)སྤེལ་བ། ཁུལ་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་བདམས་ཐོན་པ་14མཉམ་དུ་འཛོམས་ཏེ་ངར་ཤུགས་འཕེལ་བའི་སྐད་ཆ་དང་ཟོལ་མེད་ཀྱི་བརྩེ་དུང་ལ་བརྟེན་ནས་གསར་བརྗེའི་ས་གཞིར་དབང་བའི་གཏམ་རྒྱུད་བཤད་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་པ་རེད།
ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ནི་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་དེའི་དམིགས་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློའི་རྒྱུད་རབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་ལ་དགའ་བ་དང་། རྒྱལ་གཅེས། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་བླངས་པ། བདེ་ཆེན་གྱི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་བཞག་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བཤད་པ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྒྱུར་བཅོས་གསར་གཏོད་དང་། དར་རྒྱས་གོང་འཕེལ་གྱི་སྤྲོ་སེམས་དང་དཔའ་སེམས་སྐུལ་སློང་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམ་ཆེད་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་དེ་རེད།
འགྲན་བསྡུར་བྱ་ཡུལ་དུ། བདམས་ཐོན་པ་ཚོས“རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་བཞག་”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། རང་ངོས་ཀྱི་ཉམས་མྱོང་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཟུར་ཚད་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཐོག་ནས་བདེ་ཆེན་དུ་ཐོན་པའི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་བརྩེ་དུང་ཟབ་མོ་བརྗོད་ཡོད། ལ་ལས་གསར་བརྗེའི་སྔོན་རབས་པ་ཚོས་ཕུགས་བསམ་དད་སེམས་དང་དཀའ་སྤྱད་ཀྱི་ལོ་ཟླའི་ནང་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་པ་དང་། ལ་ལས་དུས་རབས་གསར་པར་བདེ་ཆེན་ཁུལ་གྱི་ལས་རིགས་ཁག་གི་ལས་དོན་པས་གཞི་རིམ་དུ་གཞི་འཛུགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་འབད་འཐབ་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་དང་། ལ་ལས་བདེ་ཆེན་ཁུལ་གྱི་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་ལ་རྒྱང་ལྟ་བྱས་ཏེ་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད།
བདམས་ཐོན་པ་ཚོའི་གཏམ་བཤད་ཀྱི་སྐད་སྒྲ་ཆེ་ལ་མི་སེམས་འགུག་པའི་ནུས་པ་ལྡན་པས་ཡུལ་དངོས་ཀྱི་ལྟད་མོ་བ་ཚང་མར་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། དཔྱད་འདེམས་ཨུ་ཡོན་ཚོས་བདམས་ཐོན་པའི་གཏམ་བཤད་ཀྱི་ནང་དོན་དང་། སྐད་ཆའི་མཚོན་ཚུལ། བཟོ་ལྟ་དང་གཟུགས་བརྙན་སོགས་ལ་གཞིགས་ནས་ཕྱོགས་བསྡུས་དཔྱད་བསྡུར་བྱས་མཐར་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་དེ་བཞིན་ཕུལ་བྱུང་བྱ་དགའ་དཔྱད་འདེམས་བྱས་པ་རེད།