ཀྲང་ཝེ་ཏུང་གིས་ཨ་བི་ཥ་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་6པའི་ཚེས་17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་གི་སྣེ་ཁྲིད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་ཨ་བི་ཥ་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱེད་པར་ཕེབས་ཡོད། ས་གནས་ས་ཐོག་ཏུ་འདེབས་འཛུགས་རྟེན་གཞིར་འཚམས་འདྲི་བྱེད་པ་དང་། ས་གནས་ས་ཐོག་གི་ལས་ཀའི་སྙན་ཞུར་ཉན་པ། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་དེ་བཞིན་ཚོང་འགུག་མ་དངུལ་ནང་འདྲེན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་མ་ཟད། ཨ་བི་ཥ་ཐོན་ལས་སྤུས་ལེགས་དང་སྟོབས་ཆེར་གཏོང་བ་དང་རང་ཁུལ་གྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་ཐོན་ལས་འབྲེལ་ཐག་འཐུས་ཚང་དུ་བཏང་ནས་ཀྲུང་ལུགས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད། 

     ཀྲང་ཝེ་ཏུང་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོར་གནས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་ཨ་བི་ཥ་ཚན་རྩལ་ཚད་ཡོད་ཀུང་སི་དང་དེ་བཞིན་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་ཤིང་ཁམས་སྟེང་གྲོང་མི་ཚོ་ཆུང་དུ་བསྐྱོད་དེ་ཨ་བི་ཥ་སྐྱེ་འཚར་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཚོང་འགུག་མ་དངུལ་འདྲེན་འགུག་རྣམ་གྲངས་སྐུལ་འདེད་གནས་ཚུལ་དང་འདེབས་འཛུགས་ས་ཆའི་ཐོན་ཁུངས་ཆ་རྐྱེན་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། འགྲན་རྩོད་ལེགས་ཆ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཡོད།

   བཞུགས་མོལ་ཚོགས་འདུའི་ཐོག་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཨ་བི་ཥ་ཐོན་ལས་འཆར་འགོད་དང་། ཚོང་འགུགས་དངུལ་འདྲེན་གྱི་འཕེལ་རྒྱས། སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་ཀྱི་གྲུབ་འབྲས། རྒྱུ་རྐྱེན་གཙོ་བོའི་འགན་ལེན་དོན་འཁྱོལ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་སྙན་སེང་ཞུས་ཡོད།ཀྲང་ཝེ་ཏུང་གིས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཆ་རྐྱེན། སྣོད་བཅུད་ཁོར་ཡུག་བཟང་པོ་དེས་ཨ་བི་ཥ་སྐྱེ་འཚར་ལ་རང་བྱུང་གི་ལེགས་ཆ་འདོན་སྤྲོད་བྱས་ཡོད། ཨ་བི་ཥ་སྤུས་ཚད་ལེགས་པོ་དང་ཁྲོམ་རའི་མདུན་ལམ་རྒྱ་ཆེ་བས་ཐོན་ལས་རྩེ་གྲ་གཏོད་པའི་རྨང་གཞི་བརྟན་པོ་ལྡན་ཡོད་ཅེས་བསྟན་ཡོད།

    ཀྲང་ཝེ་ཏུང་གིས་ཆེད་དོན་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་ལས་ཀའི་ལས་འགན་ཞིབ་ཏུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཨ་བི་ཥ་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་དང་ས་གནས་ཀྱི་ཐོན་ལས་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ནས་ཁེ་ལས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་བ། ཁེ་ལས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་“དོན་དག་ཚང་མར་ལན་འདེབས་ཐུབ་པ་དང་། དོན་དག་ཡོད་ཚད་ཐག་གཅོད་ཐུབ་པ་”བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཕན་ནུས་ལྡན་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་རྒྱུ་འགན་ལེན་བྱ་དགོས།ཚོང་འགུག་མ་འཇོག་ལས་དོན་ཐད་ཁེ་ལས་ལ་“ཚོང་ལས་ལ་བརྟེན་ནས་ཚོང་འགུག་པར”སྐུལ་མ་གཏོང་དགོས་ལ། སྤུས་ལེགས་ཚོང་གཉེར་ཁོར་ཡུག་ལ“ཁབ་ལེན་ཤུགས་ཆེན”ཡང་གཏོད་དགོས། རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་མཉམ་དུ་ས་ཞིང་དང་། མ་རྩ། སྲིད་ཇུས་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཡག་པོ་བྱས་ནས་རྣམ་གྲངས་ལག་བསྟར་བྱ་རྒྱུར་བརྒྱུད་རིམ་ཡོངས་ཀྱི་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱ་དགོས། “མི་གཞན་མེད་ན་ང་ལ་ཡོད་པ་དང་། མི་གཞན་ཡོད་ཀྱང་ང་བཟང་བ། མི་གཞན་ལེགས་ན་ང་དམིགས་བསལ་བ་ཡིན་པ”བཅས་ཀྱི་ཁྱད་ལྡན་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་སྟེ། ཨ་བི་ཥ་འདེབས་འཛུགས་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཨ་བི་ཥ་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་དུ་གཏིང་ཟབ་ཏུ་སྔོག་པ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཨ་བི་ཥ་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཨ་བི་ཥ་དེ་བེ་ཤ་དང་དབྱར་རྩྭའི་རྗེས་ནས་བདེ་ཆེན་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་གཞན་ཞིག་ཏུ་གསོ་སྐྱོང་བྱས་ཏེ། བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས་ཞེས་ནན་གྱིས་བསྟན་ཡོད།  

       རང་ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་ཝན་ཏན་ཆིང་བརྟག་ཞིབ་ནང་ཞུགས་ཡོད།