ཁུལ་ཨུས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་5པའི་ཚེས་26ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་དམིགས་ཚད་ལས་འགན་འཛིན་པ་དང་འགན་འཁྲི་ནན་དུ་བཏང་ནས་ལས་ཡུན་ལྡོག་སྒྲིག ལས་རིམ་གསར་འགོད་བཅས་བྱས་ཏེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འགག་སྒྲོལ་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་།  

    ཚོགས་འདུའི་ཐོག་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ།     

    ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་བྱ་རྒྱུ་ནི་མིག་སྔར་ཁུལ་ཡོངས་དང་། རྫོང་ཡོངས་ཀྱི་དགོས་གཏུག་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་ལས་དོན་ཞིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ངར་ཤུགས་འཕེལ་བ། འགན་འཁྲི་བརྒྱུད་སྤེལ་བཅས་ཏན་ཏིག་བྱས་ཏེ་སྒུག་མི་ཐུབ་པའི་དགོས་གཏུགས་ཀྱི་བསམ་པ་དང་། དལ་མི་རུང་བའི་ཉེན་ཁའི་ཚོར་སེམས། སྡོད་མི་རུང་བའི་འགན་འཁྲི་འཁུར་སེམས་བཅས་ཀྱི་ཐོག་ནས་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཞེས་བསྟན།    

    ལུའོ་ཁྲའོ་ཧྥེང་གིས་གཏན་ལ་ཕབ་པའི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ལྟར་ནས་ལས་ཀ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ས་ཆ་བསྡུ་ལེན་དང་བཤིག་སྤོའི་ལས་ཀར་སྐུལ་འདེད་གང་མགྱོགས་གཏོང་དགོས། གཙོ་གནད་ལ་དམིགས་པ་དང་འབེན་ལ་གཏད་ནས་ཤུགས་རྒྱག་པ། དམངས་འཚོའི་ལས་དོན་སྣ་ཚོགས་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞུང་ལས་བྱེད་ས་འཛུགས་སྐྲུན་བྱ་རྒྱུ་དུས་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་པ། འཇོལ་རྫོང་གིས་དུས་འགོའི་ལས་ཀ་ཁག་ལ་སྐུལ་འདེད་མགྱོགས་སུ་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ་སྤོ་ཐུབ་པ་དང་། བརྟན་པོར་གནས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་བྱེད་དགོས། རྣམ་པ་སྣ་མང་དང་ཐབས་ལམ་མང་པོའི་ཐོག་ནས་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ་མང་ཚོགས་ཀྱིས་གནས་སྤོའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས། བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ས་གཤིས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། ཉེན་གཡོལ་གྱི་དྲིལ་བསྒྲགས་སློབ་གསོ་དང་འཕྲལ་སྡོམ་ནང་སྦྱོང་གཏིང་ཟབ་སྤེལ་བ། འཇོལ་རྫོང་ས་ཁོངས་ཧྲིལ་པོའི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་གཏོང་དགོས། བདེ་འཇགས་བརྟན་ལྷིང་གི་གཞི་ཐིག་བརྟན་པོར་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། བརྟན་བརླིང་དང་གོ་རིམ་ལྡན་པ་རྒྱུན་འཁྱོངས་བྱས་ཏེ། ནར་འགྱངས་མི་བྱེད་པ་དང་། མི་སྒུག་པ། རང་འགན་གཞན་ལ་མི་དཀྲི་བ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་།     

    ཁུལ་འགོ་ཁྲིད་ཁྲེན་ཆོན་དང་ཞུས་ཀོང་ཏེ། འཇོལ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།