རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་5པའི་ཚེས་23ཉིན། ཡུན་ནན་སློབ་ཆེན་དང་བདེ་ཆེན་ཁུལ་གྱིས་རོགས་སྐྱོར་ལས་དོན་གྱི་གན་རྒྱ་འཇོག་པའི་བཞུགས་མོལ་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ནས་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་འཇོག་པ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཡུན་ནན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཞུའེ་པིན་གྱིས་ལས་དོན་བཞུགས་མོལ་གནང་བ་དང་གན་རྒྱ་འཇོག་པར་བདེན་དཔང་གནང་བ།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི། ཡུན་ནན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཅན་ཏེ་བཅས་ཕེབས་པ། ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཚུལ་མཚམས་སྦྱོར་གནང་བ་དང་། ཡུན་ནན་སློབ་ཆེན་གྱིས་དུས་ཡུན་རིང་དུ་བདེ་ཆེན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་སྤྲད་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་2018ལོ་ནས་བཟུང་ཡུན་ནན་སློབ་ཆེན་གྱིས“སློབ་གྲྭ་དང་ས་གནས་མཉམ་ལས། ཁ་གཏད་རོགས་སྐྱོར”སྐོར་གྱི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཚན་རྩལ་དང་། སློབ་གསོ། སྨན་བཅོས། གྲོང་གསེབ་དར་རྒྱས་སོགས་ཀྱི་ཁྱབ་ཁོངས་ནང་རང་ཁུལ་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་སྤྲད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ས་གནས་དང་སློབ་གྲྭ་ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཡུན་ནན་སློབ་ཆེན་བཙུགས་ནས་ལོ་100འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་འཇོག་རྒྱུ་དེ་གོ་སྐབས་སུ་བྱས་ཏེ། ས་གནས་དང་སློབ་གྲྭའི་མཉམ་ལས་མཉམ་འདྲེས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། མཉམ་ལས་གཉིས་ཁེ་ཟབ་ཏུ་གཏོང་བ། ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་དང་། ས་གནས་ཀྱི་ཤེས་ལྡན་པའི་གསོ་སྐྱོང་། ཐུན་མོང་ཐོག་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ། ལས་གཏོད་གསར་གཏོད་ཀྱི་ཤེས་ལྡན་པ་དེ་བས་མང་བ་བདེ་ཆེན་དུ་གཅིག་སྡུད་དང་། མདུན་གྲལ་གྱི་ལག་རྩལ། སྔོན་ཐོན་གྱི་གྲུབ་འབྲས། གསར་གཏོད་བྱེད་སྟངས། སྤུས་ལེགས་ཀྱི་ཞབས་ཞུ་བཅས་དེ་བས་མང་བ་བདེ་ཆེན་དུ་དོན་འཁྱོལ་ཐུབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཡུན་ནན་སློབ་ཆེན་གྱིས་བདེ་ཆེན་གྱི་སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་དང་། བདེ་ཆེན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རོགས་རམ། བདེ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་ཟབ་ཏུ་གཏོང་བར་རོགས་རམ། བདེ་ཆེན་གྱིས་ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་འཛུགས་རྒྱུར་རོགས་རམ་བཅས་བྱ་རྒྱུའི་རེ་བ་བཏོན།
ཀྲོའུ་ཞུའེ་པིན་གྱིས་ཡུན་ནན་སློབ་ཆེན་གྱིས“རྩེ་གྲ་གཉིས”ཀྱི་མཐོ་སློབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཡུན་ནན་སློབ་ཆེན་གྱིས་ཡུན་ནན་ལ་ཞབས་འདེགས་ཞུ་བ་དང་ས་གནས་ལ་ཞབས་འདེགས་ཞུ་བའི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཡག་པོ་གཏོང་བ། ཤེས་ལྡན་མི་སྣའི་གསོ་སྐྱོང་དང་། ཚན་རིག་ཞིབ་འཇུག གྲུབ་འབྲས་གཞན་སྒྱུར་བཅས་ལ་རྒྱུན་མཐུད་ངང་དམ་འཛིན་བྱེད། ཡུན་ནན་སློབ་ཆེན་དང་བདེ་ཆེན་ཁུལ་གྱི་སློབ་གྲྭ་དང་ས་གནས་མཉམ་ལས་བྱེད་སྟངས་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་དཔེ་མཚོན་དུ་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཞེས་བཤད།
ཝུའུ་ཅན་ཏེ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡུས་ཀུའེ་ཧྥིན་གྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་ཆིངས་འཇོག་པ། གྲོས་མཐུན་ལྟར་ན། ཕྱོགས་གཉིས་ཀྱིས་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་། ཚན་རྩལ་གསར་གཏོད། སྨན་བཅོས་རོགས་རེས་སོགས་ཀྱི་ཐད་ནས་མཉམ་ལས་བྱས་ཏེ། བདེ་ཆེན་ཁུལ་དང་ཡུན་ནན་སློབ་ཆེན་ལ་མཉམ་འདྲེས་འཕེལ་རྒྱས་དང་མཉམ་སྐྲུན་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།
ཚོགས་འདུ་མ་འཚོགས་གོང་། ཀྲོའུ་ཞུའེ་པིན་དང་བཅས་པ་སྔ་རྗེས་སུ་བདེ་ཆེན་ཁུལ་སློབ་འབྲིང་དང་པོ་དང་སེམས་ཀྱི་ཉི་ཟླའི་སློབ་འབྲིང་། སེམས་ཀྱི་ཉི་ཟླའི་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ཚུལ་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།
ཁུལ་འགོ་ཁྲིད་ཁྲིན་ཆོན་བཞུགས་མོལ་ཚོགས་འདུར་ཞུགས། ཡུན་ནན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་ཚོགས་འདུ་དང་བརྟག་ཞིབ་ཏུ་ཕེབས།