རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-23   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
མི་མང་པོ་ཞིག་གིས་ཐཱན་ཆུ་འདྲེས་སྦྱོར་ཟས་རིགས་བཟའ་རྒྱུ་མང་དྲགས་ན་ལུས་པོར་ཚོ་རྒྱས་པ་དང་ཁྲག་མངར་འཕར་ཉེན་ཡོད་པས། ལུས་པོའི་བདེ་ཐང་ལ་གནོད་པ་ཆེ་བར་ངོས་འཛིན་གྱིན་ཡོད། དོན་དངོས་སུ། ཐཱན་ཆུ་འདྲེས་སྦྱོར་ཟས་རིགས་ཤིག་ཡོད་པ་སྟེ། དེ་ཟོས་ན་ལུས་པོར་ཚོ་མི་རྒྱས་པར་མ་ཟད། ད་དུང་མཆིན་ཚིལ་ཇེ་ཉུང་དུ་གཏོང་བའི་ནུས་པ་ཡོད། དེ་ནི་འགོག་གཤིས་སིང་ཕྱེ་ཞེས་པ་དེ་རེད།
ཅི་ཞིག་ལ་འགོག་གཤིས་སིང་ཕྱེ་ཟེར་རམ་ཞེ་ན། འཇུ་ཚད་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་སིང་ཕྱེ་ལ་མྱུར་མོར་འཇུ་བའི་སིང་ཕྱེ་དང་། དལ་མོར་འཇུ་བའི་སིང་ཕྱེ། འགོག་གཤིས་སིང་ཕྱེ་བཅས་རིགས་གསུམ་ཡོད།
གཅིག མྱུར་མོར་འཇུ་བའི་སིང་ཕྱེ་ནི་རྒྱུ་མའི་ནང་བསྡུ་ལེན་བྱེད་ཚད་མགྱོགས་ཤིང་། སྐར་མ20ཡི་ནང་དུ་འཇུ་ནས་བསྡུ་ལེན་བྱེད་ཐུབ། འདིས་མགྱོགས་མྱུར་ངང་ནུས་ཚད་འདོན་སྤྲོད་བྱེད་ཐུབ་པར་མ་ཟད། ཁྲག་མངར་ཡང་མགྱོགས་མྱུར་ངང་ཇེ་མཐོར་གཏོང་སྲིད།
གཉིས། དལ་མོར་འཇུ་བའི་སིང་ཕྱེ་ནི་རྒྱུ་མའི་ནང་བསྡུ་ལེན་བྱེད་ཚད་ཅུང་དལ་བ་དང་། སྤྱིར་བཏང་དུ་སྐར་མ20ནས་སྐར་མ120ཡི་བར་ཞི་ནས་འཇུ་ཐུབ་ཅིང་། འདིས་རྒྱུན་མཐུད་རང་བཞིན་གྱི་ནུས་ཚད་འདོན་སྤྲོད་བྱེད་ཐུབ་ལ། ཁྲག་མངར་དལ་མོར་ཇེ་མཐོར་གཏོང་སྲིད།
གསུམ། འགོག་གཤིས་སིང་ཕྱེ་ནི་རྒྱུ་མའི་ནང་འཇུ་ནས་བསྡུ་ལེན་བྱེད་མི་ཐུབ་ལ། རྒུན་འབྲུམ་མངར་ཆར་མཆེད་ནས་མིའི་ལུས་ཕུང་གིས་འཇུ་མི་ཐུབ། འདིས་ནུས་ཚད་འདོན་སྤྲོད་བྱེད་མི་སྲིད་ལ། ཁྲག་མངར་ཡང་ཇེ་མཐོར་གཏོང་མི་སྲིད།
ཟས་རིགས་གང་དག་ཁྲོད་འགོག་གཤིས་སིང་ཕྱེ་འདུས་ཡོད་དམ།
གཅིག སྙེ་ཅན་ལོ་ཏོག་སྟེ། ཡུག་གྲོ་དང་མ་རྨོས་ལོ་ཏོག་མངར་མོ། གྲོ། ཁྲེ་བ་སོགས་ཚུད་ཡོད། ཁྲོམ་རའི་ཐོག་ལས་སྣོན་མ་བྱས་པའི་སྙེ་ཅན་ལོ་ཏོག་དེ་དག་ལ་ཕལ་ཆེར་འགོག་གཤིས་སིང་ཕྱེ་འདུས་ཡོད། ཉིན་རེའི་ཟས་ཐུན་གསུམ་གྱི་ནང་ནས་སྙེ་ཅན་ལོ་ཏོག་བཞི་ཆ་གཅིག་གམ་ཡང་ན་གཉིས་ཆ་གཅིག་བཟའ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཉུང་མཐར་ཡང་ཟས་ཐུན་གཅིག་ལ་སྙེ་ཅན་ལོ་ཏོག་བཟའ་དགོས།
གཉིས། སྲན་མའི་རིགས་ཏེ། སྲན་མ་དང་། སྲན་ཆེན། སྲན་ནག སྲན་ཆུང་། སྲན་དམར། སྲན་ལྗང་སོགས་ཚུད་ཡོད། ཞོགས་པར་སྲན་ཁུ་འཐུང་ཆོག་པ་དང་། ཟས་རིགས་གཙོ་བོའི་ཁྲོད་སྲན་མའི་འདུས་ཚད་ཇེ་མང་དུ་གཏོང་དགོས། དཔེར་ན། འབྲས་བཙོ་སྐབས་སྲན་དམར་དང་སྲན་ལྗང་བསྣན་ནས་མཉམ་དུ་བཙོས་ནའང་འགྲིག
གསུམ། ཞོག་ཁོག་གི་རིགས་ཏེ། ཉིན་རེའི་ཟས་ཐུན་གསུམ་གྱི་ཁྲོད་ཟས་ཐུན་གཅིག་གམ་ཡང་ན་གཉིས་ལ་ཞོག་ཁོག་གི་རིགས་འོས་འཚམ་སྒོས་བཟའ་དགོས།
འགོག་གཤིས་སིང་ཕྱེ་ཇི་ལྟར་ཟོས་ན་བཟང་།
གཅིག ཟས་རིགས་གཙོ་བོ་གྲང་མོར་ཆགས་རྗེས་ཟོས་ན་བཟང་། འབྲས་དང་། མོག་མོག ཞོག་ཁོག་རིགས་བཙོས་རྗེས་གྲང་ཉར་བྱས་ཚེ། དེའི་འགོག་གཤིས་སིང་ཕྱེའི་འདུས་ཚད་མངོན་གསལ་དོད་པོས་ཇེ་མང་དུ་འགྲོ་བ་དང་། མངར་ཆའི་འཕར་ཚད་ཀྱང་ཇེ་དམའ་རུ་འགྲོ་སྲིད། ཟས་རིགས་དེ་དག་ཡང་བསྐྱར་ཚ་པོ་བཟོས་རྗེས། འགོག་གཤིས་སིང་ཕྱེའི་ཆ་ཤས་ཀྱང་སོར་འཇོག་བྱེད་ཐུབ།
གཉིས། ཆུ་ཉུང་བའི་གཡོས་སྦྱོར་བྱེད་སྟངས་སྤྱོད་དགོས། སྲེག་པ་དང་ཚ་སྣོན་ཐབས་ཆས་སྤྱོད་པ་སོགས་ཆུ་ཅུང་ཉུང་བའི་གཡོས་སྦྱོར་བྱེད་སྟངས་ཀྱིས་ཟས་རིགས་ཀྱི་འགོག་གཤིས་སིང་ཕྱེ་འདུས་ཚད་མང་ཙམ་འཛིན་ཐུབ། དཔེར་ན། ཞོག་ཁོག་སྲེག་མའི་འགོག་གཤིས་སིང་ཕྱེ་འདུས་ཚད་ནི་ཞོག་ཁོག་བཙོས་མ་ལས་མཐོ་བ་རེད།
གསུམ། སྣུམ་མང་པོ་འདུས་པའི་ཟས་རིགས་ཉུང་ཙམ་བཟའ་བ། སྣུམ་མང་དྲགས་པ་དང་། ཚིལ་མང་བའི་ཟས་རིགས་ཀྱིས་འགོག་གཤིས་སིང་ཕྱེའི་བདེ་ཐང་ནུས་པ་མེད་པར་གཏོང་སྲིད།
བཞི། འགོག་གཤིས་སིང་ཕྱེ་འདུས་པའི་ཟས་རིགས་གང་བྱུང་དུ་ཉོ་མི་རུང་། འགོག་གཤིས་སིང་ཕྱེ་ཟ་རྒྱུ་མང་དྲགས་ན། སྐྱུག་མེར་ལངས་པ་དང་གསུས་ཁོག་མི་བདེ་བ། གསུས་ཁོག་སྦོས་པ། བཤང་བ་ཇེ་མང་དུ་འགྲོ་བ་སོགས་རྒྱུ་མའི་ཞོར་སྐྱོན་འབྱུང་སྲིད་པས། རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད་ཟས་རིགས་གདམ་གསེས་འོས་འཚམ་བྱས་ཏེ། འགོག་གཤིས་སིང་ཕྱེ་བཟའ་ཚད་ཇེ་མང་དུ་བཏང་ན། ང་ཚོའི་ལུས་པོ་སྔར་ལས་བདེ་ཐང་ཡོང་ཐུབ། །