རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-23   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། དབུལ་པོ་མེད་པ་བཟོ་རྒྱུ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་ཅིག་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་དམིགས་ཚད་ཅིག་ཀྱང་རེད། ཀྲུང་གོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁ་བླངས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ་10ཡི་སྔ་སྣུར་དུ་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་པོ་ཉུང་གཏོང་གི་འགྲོ་ལམ་ཐོག་བསྐྱོད་ནས། མིའི་རིགས་ཀྱི་དབུལ་པོ་འགོག་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་པོ་ཉུང་གཏོང་གི་གནད་དོན་ནི་མཐར་གཏུགས་ནས་བརྗོད་ན་འཕེལ་རྒྱས་ཀྱི་གནད་དོན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མཉམ་ལས་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱུན་མཐུད་རྒྱག་པ་དང་། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱེད་པ། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་དེ་བས་མང་བར་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་རོགས་བྱས་ནས། དབུལ་ཕོངས་དང་ཡོངས་སུ་བྲལ་བ་དང་ཐུན་མོང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་འདོད་ཡོད།
ཐེངས་འདིའི་གླེང་སྟེགས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“དབུལ་པོ་རྒྱུན་མཐུད་ཉུང་གཏོང་དང་མཉམ་ལས་འཕེལ་རྒྱས—ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པ་དེ་ཡིན་པ་དང་། གླེང་སྟེགས་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།