རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-23   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་བཏོན་དོན། 《སྲོལ་ཡིག》བཟོ་བཅོས་རྒྱག་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱི་འགྲོ་གྲོན་དོ་དམ་དང་། རྒྱལ་ནང་གི་གཞུང་དོན་ལམ་གྲོན། གཞུང་དོན་གྱིས་རྐྱེན་པས་གནས་སྐབས་རྒྱལ་མཚམས་སྒྲོལ་བ། གཞུང་དོན་སྣེ་ལེན། གཞུང་དོན་དུ་རླངས་འཁོར་སྤྱོད་པ། ཚོགས་འདུ་དང་བྱེད་སྒོ གཞུང་ལས་ཀྱི་ཁང་པ་བེད་སྤྱོད། ཐོན་ཁུངས་གྲོན་ཆུང་སོགས་ཀྱི་གཏན་འབེབས་དུས་བསྟུན་མདུན་སྐྱོད་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཧུར་བསྲི་གྲོན་ཆུང་དང་རྒྱས་སྤྲོས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་བྱེད་པའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་བས་དམ་དུ་གཏོང་བ་བཅས་བྱས་པ་དེར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང“སྤྱོད་ཚུལ་བཞི”རྒྱུན་མཐུད་ཡོ་བསྲང་གཏིང་ཟབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་དེ་ཏང་གི་གཟུགས་བརྙན་དང་། བློ་ཁ་གཏད་ཕྱོགས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཕམ་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་དམ་འཛིན་ནན་པོ་བྱེད་པ་དང་། རིམ་ཁག་ཏང་སྲིད་ལས་ཁུངས་དང་དེའི་ལས་དོན་པས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བ། 《སྲོལ་ཡིག》གི་གཏན་འབེབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། གྲོན་ཆུང་རྣམ་པའི་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རྣམ་པ་ཟབ་མོ་ཞིག་སྔར་བས་གཏོད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་འགོ་ལག་ལེན་བསྟར་སྐབས་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས།
《སྲོལ་ཡིག》གི་སྤྱིའི་རྩ་དོན་གཤམ་གསལ་ཏེ།དོན་ཚན་དང་པོ། དཀའ་སྤྱད་འབད་བརྩོན་དང་ཧུར་བསྲི་གྲོན་ཆུང་གི་སྤྱོད་ཚུལ་བཟང་པོ་སྔར་བས་དར་སྤེལ་བཏང་སྟེ། ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་བཏང་ནས་གྲོན་ཆུང་རྣམ་པའི་ལས་ཁུངས་འཛུགས་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》གཞིར་བཟུང་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་ཏང་གི་ལས་ཁུངས་དང་། མི་དམངས་འཐུས་ཚོགས་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། དེ་བཞིན་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་དང་གཞུང་ཞབས་པའི་བཅའ་ཁྲིམས་གཞིར་བཟུང་དོ་དམ་བྱེད་པའི་བྱ་གཞག་ཚན་པ་བཅས་ལ་སྤྱད་ན་འཐུས།
དོན་ཚན་གསུམ་པ། སྲོལ་ཡིག་འདིར་འཁོད་པའི་འཕྲོ་བརླག་ཅེས་པ་ནི་ཏང་སྲིད་ལས་ཁུངས་དང་དེའི་ལས་དོན་པས་གཏན་འབེབས་ལས་འགལ་ནས་དགོས་མེད་ཀྱི་གཞུང་དོན་བྱེད་སྒོ་སྤེལ་བའམ་ཡང་ན་གཞུང་དོན་སྒྲུབ་སྐབས་གཏན་འབེབས་ཀྱི་ཁྱབ་ཁོངས་དང་། ཚད་གཞི། བླང་བྱ་བཅས་ལས་བརྒལ་ཏེ། སྤྱི་པའི་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་སྤྱོད་མཁས་པོ་མ་བྱུང་བའི་རྐྱེན་གྱིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་གྱོང་གུན་བཟོས་པའི་བྱེད་སྤྱོད་ལ་ཟེར།
དོན་ཚན་བཞི་པ། ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་སྐབས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ། ནན་པོ་དང་སྟབས་བསྡུས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས་ཟ་མཁས་འཐུང་མཁས་བྱེད་པ་དང་། ལས་དོན་མཐའ་དག་ཧུར་བསྲི་གྲོན་ཆུང་ངང་སྒྲུབ་པ། གཞུང་དོན་བྱེད་སྒོའི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས་མ་དངུལ་སྔར་ལས་མང་བ་ལྷག་པ་བྱས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་སྒུག་ཐད་སྤྱོད་དགོས། སྒྲིག་སྲོལ་དང་ཁྲིམས་སྲོལ་ལ་གཞིགས་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ་ལམ་ལུགས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་དགོས། སྤུས་འབྲས་ལེགས་གཉེར་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ནོར་སྲིད་ཀྱི་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་གྲོན་དངུལ་གཏོང་སྒོར་ཚོད་འཛིན་ནན་པོ་བྱས་ཏེ་ཧུར་བསྲི་གྲོན་ཆུང་གི་བྱས་འབྲས་དཔྱད་བསྡུར་ལ་ཤུགས་སྣོན་རྒྱག་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་དོན་དངོས་ལ་གཞིགས་ནས་གཞུང་དོན་བྱེད་སྒོ་བཀོད་སྒྲིག་བྱེད་པ་དང་། དགོས་མེད་ཀྱི་གཞུང་དོན་བྱེད་སྒོ་མེད་པར་བཟོས་ནས་རྒྱུན་གཏན་གྱི་གཞུང་དོན་བྱེད་སྒོ་འགན་ལེན་བྱེད་དགོས། ཡོངས་བསྒྲཌ་དང་ཕྱི་གསལ་ནང་གསལ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་གསང་བའི་དོན་གནད་དང་འབྲེལ་བ་ཡོད་པ་ཕུད། གཞུང་དོན་བྱེད་སྒོའི་ཁྲོད་ཀྱི་སྤྱི་པའི་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་བེད་སྤྱོད་ཀྱི་གནས་ཚུལ་གཏན་འབེབས་ལྟར་ཡོངས་བསྒྲགས་བྱས་ནས་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་བསལ་ཏེ་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་གྱི་ལས་ཀའི་ཕུགས་ཕན་ལམ་སྲོལ་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད།
དོན་ཚན་ལྔ་པ། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཡོངས་ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་སྤྱི་འདོམས་མཐུན་སྦྱོར་དང་མཛུབ་ཁྲིད་ཞིབ་བཤེར་བྱེད་འགན་འཁུར་རྒྱུ་དང་། འབྲེལ་ཡོད་མཐུན་སྦྱོར་འབྲེལ་གཏུག་ལམ་སྲོལ་གྱིས་ཞིབ་ཕྲའི་ལས་དོན་སྒྲུབ་འགན་འཁུར་དགོས། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གཞུང་དོན་ཐིང(ཁང)གིས་ས་ཁུལ་དེ་གའི་ཏང་སྲིད་ལས་ཁུངས་ཀྱི་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་ཞིབ་བཤེར་བྱེད་འགན་འཁུར་དགོས།
རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་མི་དོན་དང་། དྲིལ་བསྒྲགས། ཕྱི་དོན། འཕེལ་སྒྱུར། ནོར་སྲིད། རྩིས་བཤེར། ལས་ཁུངས་ཀྱི་ལས་དོན་དོ་དམ་སོགས་སྡེ་ཚན་གྱིས་འགན་འཁྲི་དང་ལས་བགོས་ལ་གཞིགས་ནས་སྒྲིག་སྲོལ་དང་ཁྲིམས་སྲོལ་ལྟར་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་གྱི་འབྲེལ་ཡོད་ལས་དོན་ལ་དོ་དམ་དང་ལྟ་སྐུལ་སོགས་ཀྱི་འགན་འཁྲི་འཁུར་དགོས།
དོན་ཚན་དྲུག་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་ཀའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོས་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྤྱི་ཡོངས་ནས་འགན་འཁྲི་འཁུར་དགོས་པ་དང་། ཁོངས་མི་གཞན་དག་གིས་ལས་དོན་གྱི་ལས་བགོས་གཞིར་བཟུང་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་འགོ་ཁྲིད་གཙོ་བོའི་འགན་འཁྲི་འཁུར་དགོས།
དོན་ཚན་བདུན་པ། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་དགོས་པ་དང་། རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་མཐའ་འཁྱོངས་ཀྱིས་མི་རྒྱུ་གཉིས་ཀ་འཕྲོ་བརླག་འགྲོ་བའི“རྟགས་མཚོན་ལས་གཞི”དང“བྱས་རྗེས་ལས་གཞི”གཏན་འགོག་བྱེད་པ་དང་། ཐབས་ཇུས་འགོད་ནོར་ཚབས་ཆེན་ཤོར་བའི་རྐྱེན་གྱིས་འཕྲོ་བརླག་ཚབས་ཆེན་འགྲོ་རིགས་བཀག་འགོག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་ཧུར་བསྲི་གྲོན་ཆུང་དང་རྒྱས་སྤྲོས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་དོན་གཞན་གྱི་སྔོན་ལ་བསྒྲུབས་ནས་མིག་དཔེ་འདོན་དགོས།