ལྷ་མོའི་འབག་སོ་སོའི་མཚོན་དོན་གང་ཡིན་པ་མཁྱེན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-21   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    ལྷ་མོ་གང་ཞིག་འཁྲབ་ཀྱང་འབག་ཚོས་གཞི་འདྲ་མིན་སྣ་ཚོགས་གྱོན་པའི་སྲོལ་ཡོད། ལྷ་མོའི་སྒྱུ་རྩལ་ལ་ལུགས་མི་འདྲ་བ་གཉིས་ཏེ། སྔ་དར་བཀྲ་ཤིས་ཞོལ་པའི་འབག་ནི་གོང་གི་མགོ་སྐྱེས་སྐྲ་ལོ་ནས་འོག་གི་ཨོག་ཚོམ་བར་ཡོངས་རྫོགས་ལྷ་མོའི་སྒྱུ་རྩལ་གསར་གཏོད་མཛད་མཁན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་བཞིན་གྱི་བཀོད་པ་མཚོན་ཚུལ་དུ་རེད།  དེའང་ཐང་སྟོང་རྒྱལ་པོ་མཆོག་ནི་དགུང་ལོ་ཤིན་ཏུ་སྨིན་པས་དབུ་ལོ་དང་། ཞལ་རྒྱན། སྤྱན་སྤུ་བཅས་དཀར་པོ་དུང་གི་མདངས་ལ་འགྲན་པ་ལྟ་བུ་ཡོད་པས། དེ་ལྟར་གསལ་བར་མཚོན་བྱེད་དུ་ར་པགས་དཀར་པོས་བརྒྱན་ཅིང་། དེ་ལ་ཚེ་རིང་གཡང་ཆགས་ཞེས་བརྗོད་སྲོལ་འདུག་པ་ནི་མི་རྒན་པ་རྣམས་ཚེ་རིང་ལ་ནད་ཉུང་བ་དང་། དར་མ་དང་གཞོན་སྐྱེས་རྣམས་མི་ནོར་ལོངས་སྤྱོད་ཤེས་རབ་འཕེལ་བའི་མཚོན་རྟགས་རེད།

    ཕྱིས་དར་ལྷ་མོའི་འབག་སྔོ་ནག་ནི་དྲག་པོ་དང་། དཔའ་བོའི་མཚོན་བྱེད་རེད། གང་ལགས་ཤེ་ན། ལྷ་མོའི་སྔོན་འགྲོའི་འཁྲབ་ཚན་རྔོན་པའི་འབག་སྔ་དུས་འབག་དཀར་པོ་ཡིན་པ་ནས་རྗེས་སུ་སྔོ་ནག་དྲག་པོའི་ཆ་བྱད་ལ་འགྱུར་བར་དོན་འདི་ལྟར་ལྡན་པ་སྟེ། དུས་ནམ་ཞིག་ལ་འབྲུག་སྨྱོན་ཀུན་དགའ་ལེགས་པ་ཡར་འབྲོག་གི་ཕྱོགས་སུ་ཕེབས་སྐབས། ཡར་འབྲོག་མཚོ་ཁར་གནས་སྡོད་བྱེད་པའི་ཉ་པ་རྣམས་ལ་ཁྱེད་ཡུལ་ཡར་འབྲོག་གི་ཉ་པ་རྣམས་ནི། མདོག་སྔོ་བ་ཡི་དམ་དྲག་པོ་ཕྱག་ན་རྡོ་རྗེ་དང་མཚུངས་ཞེས་གསུངས་པས། རྒྱུ་མཚན་དེ་ལ་བརྟེན་ནས་རྔོན་པའི་འབག་གི་ཚོས་གཞི་སྔོ་ནག་བྱུང་སྐད་འདུག གཞན་ཡང་རྔོན་པའི་འབག་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་གོ་དོན་ལྡན་པའི་རྒྱན་སྤྲོས་ཆ་ཚང་བ་ཞིག་ཡོད་པའི་མཚོན་ལུགས་ནི་གདོང་གོང་གི་མེ་ལོང་སྔོ་ནག་དེ་གཏེར་ཆེན་བུམ་པའི་མཚོན་རྟགས་དང་། ཁ་མིག་གཉིས་དང་སྨིན་མ། མཁུར་ཚོས། ཨོག་མ་བཅས་ཀྱི་འཛོམས་རྒྱན་དག་ནི་པད་མ་འདབ་བརྒྱད་ཀྱི་མཚོན་རྟགས། སྣ་རྒྱན་པ་ཏྲ་སི་ཤན་ཚོན་སྣས་བརྒྱན་པ་དག་ནི་དཔལ་བེའུ་མཚོན་བྱེད་རེད། དཔྲལ་བར་ཉི་ཟླའི་དཀྱིལ་འཁོར་གྱི་དབྱིབས་རིས་བཀོད་པ་ནི་ཆོས་ཀྱི་འཁོར་ལོའི་མཚོན་རྟགས། སྣ་ཁུང་གི་རྩེར་འགྲོན་བུ་རྡོག་གཅིག་འཕྱང་འཕྲུལ་དུ་བཏགས་པ་ནི་དུང་དཀར་པོ་གཡས་འཁྱིལ་གྱི་མཚོན་རྟགས། དཔྲལ་བའི་དབུས་ནས་སྣ་གཤོག་བར་ཁེབས་པའི་གོས་རྒྱ་སེའི་ཐོད་སྐོར་དག་ནི་གསེར་གྱི་ཉ་ཆུང་ཁ་སྤྲོད་ཀྱི་མཚོན་རྟགས། ནོར་བུས་བརྒྱན་པའི་ཐོར་ཅོག་དང་། དེའི་སྟེང་གི་འཁྱིལ་སྣ་གྱེན་དུ་ཕྱོགས་པ་ནི་རིན་ཆེན་གདུགས་དཀར་གྱི་མཚོན་བྱེད། གོས་ཚོས་སྣ་ཚོགས་ལས་གྲུབ་པའི་རྒྱབ་དར་དེ་ཆོས་ཀྱི་རྒྱལ་མཚན་གྱི་མཚོན་རྟགས་བཅས་རེད་འདུག འབག་ཚོས་གཞི་དམར་པོར་སྨ་ར་དང་སྨིན་མ་ནག་པོ་བྱས་པ་དེ་རིགས་ནི་ཡབ་རྒྱལ་པོ་སོགས་སྐྱེས་པའི་བརྗིད་རྔམས་མཚོན་བྱེད་རེད། ཡུམ་ཆེན་ཨ་མའི་ཞལ་འབག་ཚོས་གཞི་ལྗང་གུ་ཡིན་པ་དེས་བུད་མེད་ཀྱི་མཛེས་འཆོས་མཚོན་ཞིང་། དྲང་སྲོང་གི་འབག་གཞི་སེར་སྐྱ་དང་སྨ་ར་སྨིན་མ་དཀར་པོ་སོགས་གོང་གསལ་ཐང་སྟོང་རྒྱལ་པོའི་ཞལ་མཚོན་བྱེད་རེད། ཡ་མ་གྷན་ཏེའི་འབག་ཕྱེད་དཀར་ཕྱེད་ནག་བྱས་པ་དེ་ནི་དབྱེན་སྦྱོར་དཀྲུག་ཤིང་མཁན་ངོ་གཉིས་མཚོན་བྱེད་ཡིན་པ་སོགས་སོ་སོར་རྒྱུ་མཚན་ངེས་ཅན་རེ་ཡོད།